༄༅།།འབག་མེད་གོང་འཕེལ་ལ་མཐོང་ཆེན་གནང་གི་འདུག་ལ་ཕན་འབྲས་ཀྱང་ཐོན་འདུག
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་དཔལ་འབྱོར་གྱི་ལོ་ཕྱེད་སྙན་ཞུ་སྟེ། འབག་མེད་འབྱུང་ཁམས་གོང་སྤེལ་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་ལ་ཟུག་པ་དང་བསྟུན་ནས། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་ཁྲོད་འབག་མེད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་འབག་མེད་གོང་སྤེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། འབག་མེད་དང་། སོལ་ཉུང་། འཁོར་སྐྱོད། རྒྱུན་མཐུད་བཅས་ཀྱི་ཐོན་སྐྱེད་འཚོ་བ་སྐྱེལ་ཐབས་ལག་བསྟར་བྱ་དགོས། ང་ཚོས་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་གོ་སྐབས་ཤིག་ལ་བརྩིས་ནས། ལོ་འདི་ཤར་ཚུན་རྗེས་ལུས་ཐེབས་པའི་ཐོན་ནུས་འདོར་མགྱོགས་སུ་བཏང་བས། ཁོར་ཡུག་སྤུས་ཚད་ཉིན་བཞིན་ལེགས་སུ་ཕྱིན་པ་དང་། འབག་མེད་འབྱུང་ཁམས་གོང་སྤེལ་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་ལ་ཟུག་པ་དང་བསྟུན་ནས། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་ཁྲོད་འབག་མེད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་རེད།

ད་ལོའི་ཟླ་བ་བཞི་པའི་ཚེས་ཉི་ཤུ་གསུམ་ཉིན། ཧྭ་ཤར་ས་ཁུལ་གྱི་ཁྲོ་ཐབ་ཆེ་ཤོས་ཞེས་གྲགས་པའི་མ་ཨན་ཧྲན་ངར་ལྕགས་བཟོ་གྲས་ལོ་ངོ་དྲུག་ཅུ་རེ་ལྔ་བེད་སྤྱོད་བྱས་པའི་མཐོ་ཐབ་ཨང་དགུ་པ་དེ་བེད་སྤྱོད་བྱེད་མཚམས་ཡོངས་སུ་བཞག་པ་རེད། མ་ཨན་ཧྲན་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སིའི་ལྕགས་བཙོ་སྦྱང་བཟོ་གྲ་གཉིས་པའི་སྤྱི་ཁྱབ་བཟོ་བསྐྲུན་དབུ་ཆེན་གཞོན་པ་གྲེན་གཡིས་ཤིང་གིས། དེ་སྔའི་དར་དམར་ཐབ་དོར་བ་དེ་ནི་གོང་འཕེལ་ཁྲོད་ཀྱི་ཟུག་ཟེར་ཞིག་རེད། རྗེས་ལུས་ཐོན་ནུས་ཀྱི་ཁུར་པོ་དོར་ན་གཞི་ནས་ཁེ་ལས་གོང་འཕེལ་གྱི་རྐང་ལག་བདེ་རུ་འགྲོ་ཐུབ། ད་ལོའི་ལོ་སྟོད་ཀྱི་མ་ཨན་ཧྲན་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སིའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་བཞི་བརྒྱ་སུམ་ཅུ་སོ་དྲུག་གཡས་གཡོན་ཟིན་པ་དང་། ཁེ་སྤོགས་ལྡབ་གཅིག་འཕར་ཡོད་ཅེས་དང་། ཁོང་གིས། རང་འགུལ་ཐོག་ནས་ཐོན་ནུས་དོར་བ་དང་། མཐའ་མཇུག་དོར་བའི་མཐོ་ཐབ་དེའི་ལོ་རེའི་ཐོན་འབོར་ཧ་ལམ་ཏུན་ས་ཡ་གཅིག་དང་ཆིག་འབུམ་ཙམ་ཟིན་གྱི་ཡོད། དེའི་ཐོག་ནས་མ་ཨན་ཧྲན་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སིས་མ་གནས་མཐོ་བ་དང་། ཁོར་ཡུག་སྲུང་སྐྱོབ་ཆ་རྐྱེན་ཞན་པ། སྒྲིག་ཆས་ཆ་རྐྱེན་ཞན་པ་བཅས་ཀྱི་ལྕགས་བཙོ་སྦྱང་ཐོན་ནུས་ཚང་མ་ཐོན་སྐྱེད་མུ་མཁྱུད་ནས་ཕྱིར་འཐེན་བྱས་པ་མཚོན་གྱི་ཡོད་ཅེས་གསུངས་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་དེ་མྱུར་ཚད་མགྱོགས་པའི་འཕར་སྣོན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཁ་ལོ་བསྒྱུར་རྒྱུའི་སྐོར་གསུང་སྐབས། ངེས་པར་དུ་སེམས་ཐག་ཆོད་པོས་ལ་འདི་རྒྱག་པ་དང་། ཕྲང་འདི་བརྒལ་དགོས། ཐོན་ལས་རེ་རེ་དང་ཁེ་ལས་རེ་རེ་ཚང་མས་ཁ་ཕྱོགས་དེར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས། འོ་ན་ལ་འདི་དང་ཕྲང་འདི་ཇི་ལྟར་བརྒལ་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབག་མེད་གོང་སྤེལ་ནི་དེའི་ལན་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། བློ་ཐག་རྦད་བཅད་ཀྱིས་འབག་བཙོག་ཆེ་ལ། འབུད་བཤངས་མང་བའི་ཐོན་ལས་དང་ཁེ་ལས་དོར་ནས། གསར་དར་ཐོན་ལས་གོང་འཕེལ་ལ་བར་ཁམས་བསྐྲུན་པ་དང་། འབག་མེད་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

འབག་མེད་གོང་སྤེལ་གྱི་རྩིས་ཁྲའི་ཐོག་གི་རྩིས་ཚང་མ་ནི་དུས་ཐུང་གི་དཔལ་འབྱོར་ཁེ་ཕན་མིན་པར། ཕུགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁེ་ཕན་རེད།

ཧོ་པེ་དཔེར་བཞག་ན། ལོ་སྟོད་དུ་ཧོ་པེ་ཞིང་ཆེན་གྱིས་རླངས་ཏུན་སུམ་ཅུ་སོ་ལྔ་དང་དེ་མན་གྱི་རྡོ་སོལ་ཐབ་༢༥༠༣དོར་བ་དང་། རྡོ་སོལ་སིལ་བུ་གང་བྱུང་དུ་བེད་སྤྱོད་བྱེད་མཁན་ཁེ་ལས་༡༣༠༥༡ལ་ཞིབ་བཤེར་བཅོས་སྒྲིག་བྱས་པ། གློག་འགུལ་རླངས་འཁོར་རྙིང་པ་༧༩༩༡༥དོར་ཡོད། བློ་ཐག་རྦད་བཅད་ཀྱིས་བྱ་ཐབས་དེ་དག་གིས་ཁྱེར་ཡོང་བ་ནི། ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་ཧོ་པེའི་མཁའ་རླུང་ནང་གི་སྨུག་རྡུལ་འདུས་ཚད་དེ་དུས་མཚུངས་ལས་བརྒྱ་ཆ་བཅུ་བདུན་དང་གྲངས་ཆུང་བརྒྱད་ཆག་པ་དང་། འབག་བཙོག་ཚབས་ཆེ་བའི་གནམ་གཤིས་བསྟན་ཚད་དེ་དུས་མཚུངས་ལས་ཉིན་བཅུ་གཅིག་ཉུང་དུ་ཕྱིན་པ་དེ་རེད། ཧྲེ་ཅ་ཀྲོང་ལུ་ཆོན་ཁུལ་ཚན་རྩལ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཀྲང་ཀྲེན་ཕིང་གིས། འབག་བཙོག་ལ་བརྟེན་ནས་གོང་འཕེལ་ཡོང་ཐབས་མ་བྱས་པས། ཧོ་པེའི་དཔལ་འབྱོར་འབག་མེད་གོང་འཕེལ་ཐད་རེ་བ་ཆེན་པོ་ལྡན་པར་གྱུར་ཡོད་ཅེས་དང་། ཁོང་གིས། ད་ལོ་ང་ཚོས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་༡༢༠ལྷག་ཙམ་གསོ་སྤེལ་བྱས་ཡོད། དེ་ནི་ཉེ་བའི་ལོ་ཤས་ནང་འཕར་མགྱོགས་ཤོས་ཀྱི་ལོ་ཞིག་རེད། ཐོན་ལས་ཀྱི་བང་རིམ་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད་ཅེས་གསུངས་འདུག

ལོ་འདི་ཤར་ཚུན་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྲིད་ཇུས་བྱ་ཐབས་གཅིག་རྗེས་གཉིས་མཐུད་ཀྱིས་བཏོན་ཡོད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ་དྲུག་པར་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱབ་སྟེ་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་སྤེལ་བ་དང་། འབྱུང་ཁམས་ཁོར་ཡུག་པུའུ་དང་། བཟོ་འཕྲིན་པུའུ། འགྲིམ་འགྲུལ་པུའུ་སོགས་ཀྱི་དོ་དམ་སྡེ་ཁག་ནས་ཀྱང་ཉེ་དུས་གཅིག་རྗེས་གཉིས་མཐུད་ངང་གནམ་སྔོན་སྲུང་སྐྱོབ་དམག་འཐབ་ཀྱི་བྱ་སྤྱོད་ཇུས་གཞི་བཏོན་ཡོད། སླད་ཕྱིན་གཙོ་གནད་ཁྱབ་ཁོངས་སུ་ངར་ལྕགས་དང་། རྡོ་སོལ་བསྲེག་སྒྱུར། གློག་འབྱེད་ཧ་ཡང་། ལུག་བཟོ། ཨར་འདམ། ངོས་ལེབ་ཤེལ་ཀོ་སོགས་་ཀྱི་ཐོན་ནུས་གསར་སྣོན་བྱེད་མི་ཆོག་པ་བཟོས་པ་དང་། ཆབས་ཅིག་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ནུས་ལྷག་མ་དོར་བའི་ཚད་གཞི་མཐོ་རུ་བཏང་བ་རེད། པེ་ཅིན་དང་། ཐན་ཅིན། ཧོ་པེ་བཅས་དང་དེ་དག་གི་ཉེ་འཁོར་ས་ཁུལ་གྱིས་སྤྱི་ལོ་༢༠༡༨ལོའི་ལོ་མཇུག་གོང་དུ་ཟང་ཟིང་དང་འབག་བཙོག་ཆེ་བའི་ཁེ་ལས་ཕྱོགས་བསྡུས་བཅོས་སྒྲིག་ཁྱོན་ཡོངས་ནས་བྱ་རྒྱུ་ཡིན་པ་རེད།

འབག་བཙོག་ཆེ་བ་དང་། ཕན་འབྲས་ཞན་པའི་རྗེས་ལུས་ཐོན་ནུས་འདོར་བའི་མྱུར་ཚད་མགྱོགས་བཏང་བ་དེས། དེ་བས་རྒྱ་ཆེ་བའི་ཁྲོམ་རའི་བར་ཁམས་བསྐྲུན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཐོན་ཁུངས་དང་ཁོར་ཡུག་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་གྲང་ཅིད་ཝན་གྱིས། ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བྱེད་པ་དང་། ང་ཚོ་སྤུས་ཚད་མཐོ་བའི་གོང་འཕེལ་ལམ་དུ་བསྐྱོད་བཞིན་ཡོད་ཅེས་དང་། ཁོང་གིས། ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མི་འཚམས་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་བླང་བྱ་དང་མི་མཐུན་པའི་ཁེ་ལས་ཁག་ཅིག་དོར་ཐོག ཁྲོམ་རའི་སྐལ་གྲངས་དེ་ལག་རྩལ་སྔོན་ཐོན་ཆེ་བ་དང་། ཁོར་ཡུག་སྲུང་སྐྱོབ་ནུས་པ་ཆེ་བའི་ཁེ་ལས་ཆེ་འབྲིང་ཁག་ལ་མཁོ་འདོན་བྱས་ཡོད། ད་ལོའི་ལོ་སྟོད་ཀྱི་དཔྱ་ཁྲལ་ཡོང་འབབ་སྤྱིའི་ཆ་ནས་ཇེ་མཐོར་ཕྱིན་ཡོད། དེའི་ཐོག་ནས་ཁེ་ལས་ཀྱི་ཁེ་སྤོགས་དང་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཇེ་མཐོར་ཕྱིན་པ་དང་། ང་ཚོའི་སྤུས་ཚད་མཐོ་བའི་གོང་སྤེལ་དེ་སླར་ཡང་མདུན་ཕྱོགས་སུ་གོམ་པ་གཅིག་སྤོས་མཚོན་ཡོད་ཅེས་གསུངས་འདུག

ཀྲུང་གོའི་བཟོ་བསྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས་ལས་ཀྱང་གསལ་བར། ད་ལོའི་ཟླ་བ་དྲུག་པའི་བར་སླེབས་སྐབས། སྟོན་གྲངས་དེ་ཟླ་བ་ཉི་ཤུ་རྩ་གསུམ་བསྟུད་མར་བརྒྱ་ཆ་ལྔ་བཅུ་ཡན་གྱི་གནས་བབ་ལེགས་པའི་བར་ཁམས་སུ་འཁོར་སྐྱོད་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་སྤུས་ཚད་མཐོ་རུ་ཕྱིན་པ། ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་ཟམ་མི་ཆད་པར་ལེགས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཝང་ཁྲང་ལིན་གྱིས། ང་ཚོའི་བཟོ་ལས་གོང་འཕེལ་ལས་འབོར་ཚད་དང་སྤུས་ཚད་གཉིས་ཀ་ལེགས་སུ་འགྲོ་བ་དང་། འཕར་སྣོན་མྱུར་ཚད་མགྱོགས་སུ་འགྲོ་བ། རང་རེའི་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་གཉིས་མཐོ་རུ་འགྲོ་བ་དང་གྲུབ་གཞི་ཟམ་མི་ཆད་པར་ལེགས་སུ་འགྲོ་བ་མངོན་གྱི་ཡོད་ཅེས་གསུངས་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བ་ལྔ་པར་འཚོགས་པའི་རྒྱལ་ཡོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་སླར་ཡང་། འབག་མེད་གོང་འཕེལ་ནི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། འབག་བཙོག་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཅིག་རེད། གཙོ་གནད་ནི་དཔལ་འབྱོར་གྱི་གྲུབ་གཞི་དང་ནུས་རྒྱུའི་གྲུབ་གཞི་ལེགས་སྒྲིག་བྱ་རྒྱུ་དང་། རྒྱལ་ཁབ་ས་ཆའི་བར་ཁམས་བཀོད་སྒྲིག་ལེགས་བསྒྱུར་བྱ་རྒྱུ། ས་ཁོངས་རྒྱུགས་ཁོངས་ཀྱི་ཐོན་ལས་གནས་སྟངས་ལེགས་སྒྲིག་བཅས་བྱས་ནས། ནུས་གྲོན་ཆུང་ལ་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་པའི་ཐོན་ལས་དང་། འབག་མེད་ཐོན་སྐྱེད་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས་བཅས་གསོ་སྤེལ་སྟོབས་ཆེར་བཏང་ནས། ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་འཁོར་རྒྱུགས་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག

འབྱུང་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་མིང་གིས། མ་འོངས་པར་འབག་མེད་གོང་འཕེལ་གྱིས་སྦྱིན་པའི་བདེ་སྐྱིད་ཚོར་སྣང་ཇེ་ཆེར་འགྲོ་རྒྱུ་རེད་ཅེས་དང་། ཁོང་གིས། མཁའ་རླུང་ནང་གི་སྨུག་རྡུལ་འདུས་ཚད་མུ་མཐུད་མངོན་གསལ་དོད་པོས་ཆག་པ་བྱེད་པ་དང་། ཐོན་ལས་ཀྱི་གྲུབ་གཞི་དང་། ནུབ་རྒྱུའི་གྲུབ་གཞི། སྐྱེལ་འདྲེན་གྲུབ་གཞི། ས་ཆ་བེད་སྤྱོད་ཀྱི་གྲུབ་གཞི་བཅས་ལེགས་སྒྲིག་ཤུགས་ཆེན་བྱེད་དགོས་པ། སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱུང་བ་དང་བསྟུན་ནས། རང་རྒྱལ་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་། མཛེས་པའི་ཀྲུང་གོའི་འཛུགས་སྐྱོང་བཅས་དང་། ཐ་ན་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་གལ་ཆེ་ལ་རྒྱང་རིང་བའི་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།