༄༅།།ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་རྟོག་ཞིབ་གནང་སྐབས་རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་གཏོང་དགོས་པའི་ནན་སྟོན་གནང་།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༢ཉིན་ཧྲན་ཏུང་ལ་རྟོག་ཞིབ་གནང་སྐབས། རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་གཏོང་དགོས་པའི་ནན་སྟོན་གནང་འདུག

ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིན་ཏའོ་དབུ་ཚོགས་ལ་ཕེབས་ཞུགས་གནང་རྗེས། ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་རྟོག་ཞིབ་གནང་ཡོད་པ་རེད། སྤྱི་ཚེས་༡༢ཉིན་གྱི་སྔ་དྲོ། ཁོང་ཐོག་མར་ཆིན་ཏའོ་རྒྱ་མཚོའི་ཚན་རིག་དང་ལག་རྩལ་ཚོད་ལྟའི་རྒྱལ་ཁབ་ཚོད་ལྟ་ཁང་དུ་ཕེབས་ནས། ཚོད་ལྟ་ཁང་གི་གལ་ཆེའི་མདུན་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་གནད་དོན་དང་། རྒྱུད་རིམ་བཀོད་སྒྲིག རང་བདག་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱ་མཚོའི་སྒྲིག་ཆས་ལེགས་གྲས། རྒྱ་མཚོའི་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། རྒྱ་མཚོའི་དཔལ་འབྱོར་དང་། རྒྱ་མཚོའི་ཚན་རྩལ་ནི་འབྱུང་འགྱུར་གྱི་གཙོ་སྒྲུབ་འཕེལ་ཕྱོགས་ཤིག་ཡིན་ཞིང་། སྐམ་སའི་ཁྱབ་ཁོངས་ནས་རྒྱ་མཚོའི་ཁྱབ་ཁོངས་གང་སར་ང་ཚོས་མ་ཤེས་པའི་ཁྱབ་ཁོངས་ཡོད་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀོན་ཧྭ་ཧྲིས་རྒྱ་མཚོའི་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་དང་། ཀོན་ཧྭ་ཧྲིས། རང་ཉིད་ཀྱི་ཕུགས་འདུན་ནི་ཀྲུང་གོའི་“རྒྱ་མཚོའི་སྨན་མཛོད་”སྐྲུན་རྒྱུ་དེ་ཡིན་ཞེས་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས། དེ་ནི་ང་ཚོ་ཐུན་མོང་གི་ཕུགས་འདུན་ཡིན་ཞེས་གསུངས་ཡོད་པ་རེད།

ཚོད་ལྟ་ཁང་ནས་ཞལ་གྱེས་གནང་སྐབས། ཚན་ཞིབ་མི་སྣ་རྣམས་འཚང་ཁ་ཤིག་ཤིག་གིས་ཁོང་གི་ཕྱོགས་སུ་བཅར་ནས། སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས་ཡོད་པ་དང་། ཞི་ཅིན་ཕིང་གིས་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུའི་ཆོད་སེམས་ཤིག་ང་རང་ལ་སྔ་ས་ནས་ཡོད་ཅེས་གསུངས། རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་། རྒྱ་མཚོའི་ཚན་རིག་ཞིབ་འཇུག་ནི་ང་ཚོའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། འགག་རྩའི་ལག་རྩལ་དེ་ང་ཚོས་རང་བདག་གསར་སྤེལ་ཞིབ་འཇུག་བྱེད་པར་བརྟེན་དགོས་ཤིང་། རྒྱ་མཚོའི་དཔལ་འབྱོར་གྱི་གོང་འཕེལ་མདུན་ལམ་ཚད་མེད་པ་ཞིག་རེད། ཚང་མས་ཡང་འབད་སྐྱར་འབད་བྱེད་པ་དང་། འོད་སྟོང་འབར་བའི་གྲུབ་འབྲས་གསར་གཏོད་བྱས་ནས། མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་ཡོད་པ་རེད།

ཉིན་དེའི་ཕྱི་དྲོ། ཞི་ཅིན་ཕིང་ཆིན་ཏའོ་ནས་ཞལ་གྱེས་ཏེ་མེ་འཁོར་ལ་བཞུགས་ནས་ཝེ་ཧའེ་ལ་ཞབས་སོར་འཁོད་རྗེས། འཕྲལ་དུ་གྲུ་ཁར་ཕེབས་པ་དང་། གྲུ་གཟིངས་བཞུགས་ནས་ཅའོ་ཏུང་(ཝེ་ཧའེ་)ཏང་གཤིས་སློབ་གསོ་རྟེན་གཞི་ལེའུ་ཀུང་གླིང་ཕྲན་སློབ་ཁྲིད་ཁུལ་དུ་ཕེབས་ཡོད་པ་རེད། ཁོང་གིས་པེ་དབྱང་མཚོ་དམག་གི་སྒྱོགས་སྟེགས་རྗེས་ཤུལ་ལ་གཟིགས་པ་དང་། ཤིང་རྟ་ལོའི་དམག་འཁྲུག་གི་དངོས་མང་གཤམས་སྟོན་ཁང་ལ་གཟིགས་ཞིབ་གནང་ནས། དམག་འཁྲུག་ལོ་རྒྱུས་ཀྱི་ཉེན་བརྡར་གསན་པ་དང་བློ་སྒོ་འབྱེད་པའི་སློབ་གསོའི་དོན་སྙིང་གསན་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ང་རང་འདི་གར་ཡོང་ནས་མྱོང་རོལ་བྱེད་པ་དང་། སློབ་གསོ་མྱོང་བའི་བསམ་པ་ཞིག་སྔ་ས་ནས་ཡོད། ཉེན་ཟོན་དྲན་བརྡ་རྟག་ཏུ་སྒྲོག་པ་དང་། ལོ་རྒྱུས་ཀྱི་བསླབ་བྱ་སེམས་ལ་བརྟན་པོར་ངེས་དགོས་ཤིང་། ཀྲུང་གོ་བ་དུང་ཕྱུར་བཅུ་གསུམ་ལྷག་གིས་ཤུགས་སྐྱེད་སྟོབས་སྤེལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།