༄༅།།ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་ལ་གཟིགས་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༦ཉིན་གྱི་སྔ་དྲོ་དམག་དོན་ཚན་རིག་ཁང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས། དམག་དོན་ཚན་རིག་ཁང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་སྐོང་ཚོགས་བྱས་པར་སྤྲོ་སེམས་རབ་རུ་འཁོལ་བའི་ངང་བཀྲིས་བདེ་ལེགས་ཞུས་གནང་བ་དང་། དམག་དོན་ཚན་རིག་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་ཡོད། ཁོང་གིས། དམག་དོན་ཚན་རིག་ཁང་ནི་དམག་དོན་ལག་ལེན་ལ་འཛུབ་ཁྲིད་དང་། དམག་དོན་འཕོ་སྒྱུར་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དུས་རབས་གསར་པར་ཏང་གི་དམག་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་དམག་འཛུགས་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་སྐྱོང་བ་བཅས་རྒྱུན་འཁྱོངས་བྱེད་པ། དེང་རབས་དམག་དོན་ཚན་རྩལ་གོང་འཕེལ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་ཆུ་ཚད་མཐོ་འི་དམག་དོན་ཚན་ཞིབ་ལས་ཁུངས་སྐྲུན་དགོས་ཞེས་ནན་བཤད་གནང་བ་དང་།

དམག་དོན་ཚན་རིག་ཁང་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཚན་ཞིབ་ལས་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ལོ་བཅུ་ཕྲག་ནང་ཚུན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ད་ཐེངས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད། དམག་དོན་ཚན་རིག་ཁང་བསྐྱར་འཛུགས་བྱས་ཡོད་པ་དང་། ཞི་ཅིན་ཕིང་གིས་ན་ནིང་སྤྱི་ཟླ་༧པར་བསྐྱར་དུ་བཙུགས་པའི་དམག་དོན་ཚན་རིག་ཁང་ལ་དམག་དར་སྤྲད་གནང་བ་མ་ཟད་ཁ་ཏ་བསླབ་བྱ་གནང་ཡོད།

ཆུ་ཚོད་༩དང་སྐར་མ་༡༥ཐོག ཞི་ཅིན་ཕིང་དམག་དོན་ཚན་རིག་ཁང་གི་དམག་དོན་གསོ་རིག་ཞིབ་འཇུག་ཁང་དུ་ཕེབས་པ་དང་། འབྲེལ་ཡོད་ཚན་ཞིབ་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་གཟིགས་ཞིབ་གནང་ཡོད། གྲུབ་འབྲས་མི་ཉུང་བ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་གཟིགས་སྐབས། ཞི་ཅིན་ཕིང་དགའ་ཚོར་ཆེན་པོ་བྱུང་བ་དང་། ཚང་མས་མུ་མཐུད་འབད་བརྩོན་བྱས་ཏེ། སླར་ཡང་གྲུབ་འབྲས་གསར་པ་གཏོད་དགོས་པའི་སྐུལ་མ་གནང་ཡོད།

དམག་དོན་གསོ་རིག་ཞིབ་འཇུག་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་དམག་དོན་ཚན་རིག་ཁང་གི་ལས་ཁུངས་སུ་ཕེབས་གནང་ཡོད། ཞི་ཅིན་ཕིང་གིས་ཚན་ཞིབ་ཤེས་ལྡན་མི་སྣར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། ཁོང་གིས་ཆེད་མངགས་དམག་དོན་ཚན་རིག་ཁང་གི་ལས་ཀའི་ཁང་གཉིས་ཀྱི་ཡོན་ཧྲེར་གཟིགས་གནང་བ་དང་། ཁོང་ཚོའི་ལས་ཀའི་གནས་ཚུལ་ལ་ཐུགས་འཁུར་གནང་ཡོད། ཞི་ཅིན་ཕིང་གིས། ཁྱེད་ཚོ་ནི་ཏང་དང་དམག་དཔུང་གི་རྩ་ཆེའི་རྒྱུ་ནོར་ཡིན་པ་དང་། ང་རང་ནས་ཐོག་མཐའ་བར་གསུམ་དུ་ཚང་མ་སེམས་ནང་འཇོག་གི་ཡོད། ཚང་མས་གྲུབ་འབྲས་མང་ཙམ་ཐོབ་པ་བྱེད་པ་དང་། དཔུང་ཁག་གི་སྣེ་ཡག་པོ་ཁྲིད་ནས། དམག་སྟོབས་ཆེར་དང་དམག་དར་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད། ཞི་ཅིན་ཕིང་གིས་འབྲེལ་ཡོད་ཚན་པས་ཤེས་ལྡན་མི་སྣར་བརྩི་འཇོག་གང་ལེགས་བྱེད་པ་དང་། ཤེས་ལྡན་མི་སྣར་གཅེས་སྐྱོང་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཤེས་ལྡན་མི་སྣ་ནང་འདྲེན། ཤེས་ལྡན་མི་སྣ་གཅིག་བསྡུས། ཤེས་ལྡན་མི་སྣ་བེད་སྤྱོད་བཅས་ཀྱི་ལས་དོན་ཡག་པོ་གྲུབ་པ། སྲོལ་ལུགས་གཅིག་གི་མཆིང་རྒྱར་གཞིགས་ཤེས་ལྡན་མི་སྣ་ཉུང་དུ་མི་གཏོངབ་བཅས་བྱས་ཏེ། བྱང་ཚད་མཐོ་བའི་དམག་དོན་ཚན་ཞིབ་མི་སྣའི་དཔུང་ཁག་སྐྲུན་དགོས་པའི་མངགས་བཅོལ་གནང་ཡོད། འགྲེམ་པར་རེ་རེ་དང་། དངོས་པོ་རེ་རེའི་ཐོག་ནས་དམག་དོན་ཚན་རིག་ཁང་གི་ཚན་ཞིབ་གྲུབ་འབྲས་གཅིག་བསྡུས་ཐོག་འགྲེམ་སྟོན་བྱས་ཡོད། ཞི་ཅིན་ཕིང་གིས་ཞིབ་ཕྲ་གཟིགས་གནང་བ་དང་། བཀའ་འདྲི་ཡང་སེ་ཞུས་གནང་ཡོད་ཅིང་། ཚན་ཞིབ་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོག་ཞིབ་ཕྲ་གནང་བ་དང་། ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད།

སྤྲོ་སེམས་འཁོལ་བའི་ཐེལ་མོའི་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐུས་མི་ཡོངས་དང་མཛའ་བརྩེའི་ཐུག་འཕྲད་གནང་བ་དང་། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་སྐྱོན་གནང་ཡོད།

དེ་རྗེས། ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་གི་ལས་དོན་སྙན་གསེང་གསན་གནང་བ་མ་ཟད་གལ་ཆེའི་གསུངས་ཤད་གནང་ཡོད། ཁོང་གིས། དམག་དོན་ཚན་རིག་ཞིབ་འཇུག་ལ་འཚོལ་ཞིབ་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པ་དང་། གསར་གཏོད་དེ་དེ་བས་མངོན་གསལ་དོད་པའི་གནས་སུ་བཞག་ནས། འཐབ་ཇུས་འཆར་འགོད་དང་མཐོ་རིམ་འཆར་འགོད་ཡག་པོ་བྱེད་པ་དང་། དམག་དོན་རིག་གཞུང་གསར་གཏོད་དང་། རྒྱལ་སྲུང་ཚན་རྩལ་གསར་གཏོད། དམག་དོན་ཚན་ཞིབ་ལས་དོན་གྱི་སྒྲིག་འཛུགས་རྣམ་པ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱབ་ཏེ། དམག་དོན་ཚན་ཞིབ་གསར་གཏོད་གྱི་འགུལ་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཞི་ཅིན་ཕིང་གིས། དམག་འཁྲུག་དང་དམག་འཐབ་བྱེད་པའི་གནད་དོན་ལ་དམ་པོར་གཞིགས་ནས་དམག་དོན་རིག་གཞུང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རང་རེའི་དམག་གི་ཁྱད་ཆོས་ལྡན་པ་དང་། དེང་རབས་དམག་འཁྲུག་གི་ཆོད་ཉིད་དང་མཐུན་པའི་སྔོན་ཐོན་དམག་འཐབ་རིག་གཞུང་མ་ལག་སྐྲུན་པ་མ་ཟད། དེང་དུས་ཀྲུང་གོའི་མ་ཁེ་སེ་རིང་ལུགས་ཀྱི་དམག་དོན་རིག་གཞུང་གོང་འཕེལ་གྱི་གནས་ཚད་གསར་་པ་ཟམ་མི་ཆད་པ་གཏོད་དགོས་ཞེས་བསྟན་ཡོད་པ་དང་།

ཞི་ཅིན་ཕིང་གིས། ཚན་རྩལ་དམག་དར་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་། བཟང་ཆའི་ཁྱབ་ཁོངས་སྲ་བརྟན་དང་ཤུགས་ཆེར་གཏོང་བ། གསར་དར་ཁྱབ་ཁོངས་སུ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་དང་སྔོན་འགྲོའི་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་གསོ་སྤེལ་ལ་ཤུགས་སྣོན་རྒྱག་ དགོས། རང་བདག་གསར་སྐྲུན་གྱི་འཐབ་ཇུས་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་རང་བདག་གསར་སྐྲུན་གོམ་སྟོབས་མགྱོགས་སུ་བཏང་ནས། ལྟེ་བའི་ལག་རྩལ་གྱི་འགག་གཏོར་གང་མགྱོགས་མངོན་འགྱུར་ཡོང་བ་བྱེད་དགོས། དམག་འཐབ་དངོས་ལ་གཅིག་བསྡུས་ཐོག་དོ་འཁུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བརྗེ་སྒྱུར་དང་བེད་སྤྱོད་ལ་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱིས་དེ་བས་ཡག་པའི་སྒོ་ནས་དམག་འཐབ་ནུས་པའི་འཛུགས་སྐྲུན་ལ་ཞབས་ཞུ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།

ཞི་ཅིན་ཕིང་གིས། དམག་དོན་ཚན་ཞིབ་ཁྱབ་ཁོངས་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། བདེ་བླགས་དང་ལས་ཆོད་མཐོ་བའི་འཁོར་རྒྱུག་སྒྲིག་གཞི་ཆགས་པ་དང་བྱེད་པ་དང་། གསར་གཏོད་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས། རིག་གཞུང་དང་ཚན་རྩལ་མཉམ་བསྲེས་གྱི་ནང་དོན་དང་སྒྲིག་གཞི། བྱ་ཐབས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རིག་གཞུང་དང་ཚན་རྩལ་མཉམ་བསྲེས་ཀྱི་ལམ་བུ་ཡག་པོ་འདིང་བ་དང་ཡག་པོ་འགྲོ་དགོས་ཞེས་བསྟན་གནང་བ་དང་།

ཞི་ཅིན་ཕིང་གིས། སྒོ་ཕྱེ་ནས་ཚན་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་དང་། མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། དམག་དམངས་མཉམ་བསྲེས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དམག་དོན་ཚན་ཞིབ་ལས་དོན་གྱི་མཉམ་འབྲེལ་ཆེན་མོ་དང་། རོགས་ལས་ཆེན་མོའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་། ཁོང་གིས། མཇུག་ཏུ་ང་རང་ནས། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་བརྟན་པོ་འཛུགས་པ་དང་། ཏང་གི་འགོ་ཁྲིད་དམག་དོན་ཚན་ཞིབ་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱེད་དགོས་པའི་ནན་བཤད་བྱ་རྒྱུ་ཡིན་ཞེས་གསུངས་གནང་བ་དང་།

ཞི་ཅིན་ཕིང་གིས། ཚན་ཞིབ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་འགྲོ་གྲོན་དོ་དམ་ལ་ཤུགས་སྣོན་རྒྱབ་ནས། སྲོལ་བཟང་གཏོད་དགོས། རིམ་པ་ཁག་གིས་རང་འགུལ་ངང་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་པ་དང་། ཚང་མ་རྡོག་རྩ་གཅིག་ཏུ་སྒྲིལག་ནས། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་དམག་དོན་ཚན་ཞིབ་ལས་དོན་གྱི་རྣམ་པ་གསར་གཏོད་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།