ན་ནིང་ཟས་རིགས་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་མེད་པ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་མཉམ་དུ་མཛུབ་སྟོན་བྱས་པའི་འོག ཀྲུང་གོའི་ཟས་རིགས་ཚན་རྩལ་སློབ་ཚོགས་ཀྱིས་གྲོས་ཚོགས་འཚོགས་པ་དང་། ལས་རིགས་དེའི་ནང་དབང་གྲགས་ཆེ་བའི་མཁས་པ་གདན་འདྲེན་ཞུས་ནས་འདས་པའི་ལོ་གཅིག་ནང་གི་ཟས་རིགས་བདེ་འཇགས་གནས་ཚུལ་ལ་འགྲེལ་བརྗོད་གནང་བ་རེད། ཀྲུང་གོ་བཟོ་བསྐྲུན་ཁང་གི་ཡོན་ཧྲེ། རྒྱལ་ཁབ་ཟས་རིགས་བདེ་འཇགས་ཉེན་ཁ་དཔྱད་དཔོག་ལྟེ་གནས་ཀྱི་སྤྱི་ཁྱབ་བློ་འདྲི་ཡུལ་གྲེན་ཅུན་ཧྲེས་ངོ་སྤྲོད་གནང་བར། སྤྱི་ལོ༢༠༡༧ལོར་ཀྲུང་གོའི་ཟས་རིགས་བདེ་འཇགས་ཀྱི་སྤྱིའི་དུས་བབ་མུ་མཐུད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། ཚབས་ཆེ་བའི་ཟས་རིགས་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཐོན་མེད་ཅིང་། ཟས་རིགས་ཐད་ཀྱི་དཀྲོག་གཏམ་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་ཚོད་འཛིན་ཐུབ་ཅེས་གསུངས་འདུག

ཚོགས་འདུའི་ཐོག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཟས་རིགས་བདེ་འཇགས་པུའུ་ཡི་ཀྲུའུ་རེན། འབུམ་རམས་པ་ཨེན་པ་རུས་ཁེས་བརྙན་མཐོང་བརྒྱུད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་གད་སྙིགས་ལྟ་བུའི་ཟས་རིགས་བཅུ་ཞེས་པ་ཁྱབ་བསྒྲགས་བྱེད་མྱོང་གཏན་ནས་མེད་ཅེས་གསལ་བཤད་གནང་བ་དང་། དེ་ལྟར་སྔ་མོ་ནས་གྲགས་པའི་གད་སྙིགས་ལྟ་བུའི་ཟས་རིགས་བཅུ་ཞེས་པའི་དཀྲོག་གཏམ་དེའི་རྫུན་རྐུབ་རྡོལ་ཡོད།

རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཞིབ་བཤེར་ཆེད་དོན་པ་ལིའི་ཧའི་ཧྥེང་གིས་ངོ་སྤྲོད་གནང་བར། སྤྱི་ལོ༢༠༡༧ལོར་སྤྱི་བདེ་དང་དྲ་བའི་ཆ་འཕྲིན་དོ་དམ་སྡེ་ཁག་གིས་ཟས་རིགས་བདེ་འཇགས་ཐད་ཀྱི་དཀྲོག་གཏམ་བཟོ་མཁན་ལ་བདེ་འཇགས་བཅོས་སྐྱོང་གི་བཀག་ཉར་བྱེད་པ་སོགས་ཆད་པ་ཐེངས་ལྔ་བཅུ་བཅད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།