༄༅།།ཞི་ཅིན་ཕིང་གིས་ལུའོ་སིའི་སྨྱན་སྦྱོར་ཐོག་མཆན་འགོད་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༡༡པའི་ཚེས་༡༣ཉིན། ལུའོ་སིའི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའོ་སིའི་༼མི་དམངས་ཚགས་པར་༽དང་༼པ་ཐེ་ལེའོ་ཚགས་པར་༽༼ཝན་ཐེན་སྐབས་བསྟུན་ཚགས་པར་༽བཅས་ཀྱི་ཐོག་འགོ་བརྗོད་དུ་༼ལག་གདང་སྒྲིལ་ནས་ཀྲུང་གོ་དང་ལུའོ་སིར་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྲུན་བྱེད་༽ཅེས་པའི་མཆན་འགོད་རྩོམ་ཡིག་འགོད་སྤེལ་གནང་ཡོད།

རྩོམ་ཡིག་ནང་། ཀྲུང་གོ་དང་ལུའོ་སི་ནི་ཕུགས་བསམ་འདུ་ཤེས་འདྲ་བ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་འདྲ་པོ་ཡོད་པ། འཕེལ་རྒྱས་ཀྱི་ལམ་བུ་ཧ་ལམ་འདྲ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་གི་ནང་ཚུན་དུ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བས་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ལ་ཁྱད་བསད་བྱས་ནས་གྲུབ་འབྲས་ཡག་པོ་འཐོབ་ཡོད། དུས་རབས་གསར་པར་སླེབས་རིང་། ཀྲུང་ལུའོ་མཛའ་འབྲེལ་ནི་དུས་ཚོད་ཀྱི་རླབས་རྒྱུན་ཁྲོད་བརྟན་པོར་གནས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། རྒྱལ་ཁབ་གཉིས་པོས་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་ཕྱོགས་ཡོངས་ནས་ཟམ་མི་ཆད་པར་རྒྱ་སྐྱེད་དུ་གཏོང་བ་དང་། མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་ཉིན་རེ་བཞིན་ཟབ་ཏུ་འགྲོ་བ། ཏང་དབར་གྱི་སྤེལ་རེས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བཞིན་ཡོད། བློ་སེམས་གཅིག་མཐུན་གྱི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་པ་ཡག་པོ་བཅས་ཡིན་པའི་ངོས་ནས་ཀྲུང་གོ་དང་ལུའོ་སིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གསར་གཏོད་ལ་འཚོལ་ཞིབ་བྱས་ཏེ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་སྤྱིའི་ཐད་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། མགྱོགས་མྱུར་ངང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔ་བར་ཕྱི་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་ཕན་ཚུན་རོགས་འདེགས་བྱེད་པ། ཀྲུང་གོ་དང་ལུའོ་སིའི་འབྲེལ་བ་དེ་ཀྲུང་གོ་དང་ཉེ་འཁོར་རྒྱལ་ཁབ་ཀྱི་མཛའ་སེམས་གཅིག་འབྲེལ་དང་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་དཔེ་སྟོན་ཞེས་འབོད་བཞིན་ཡོད་ཅེས་བསྟན་ཡོད།

ཀྲུང་གོ་དང་ལུའོ་སིའི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་མགྱོགས་སུ་འགྲོ་གི་ཡོད། ཀྲུང་ལུའོ་དངོས་གྲུབ་མཉམ་ལས་མགྱོགས་སུ་འགྲོ་གི་ཡོད་པ་དང་། ཀྲུང་ལུའོ་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཉིན་རེའི་བཞིན་འཁྲུག་ཏུ་འགྲོ་གི་ཡོད། ང་ཚོས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་དགོས། ང་ཚོས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། གཡས་གཞོགས་གཡོན་འདེགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་དགོས། ང་ཚོས་དངོས་གྲུབ་མཉམ་ལས་རྒྱ་སྐྱེད་དུ་བཏང་ནས་གཉིས་ཕན་མཉམ་རྒྱལ་གྱི་ཐུན་མོང་མ་ལག་གཏོད་དགོས། ང་ཚོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་རྒྱ་ཆེ་རུ་བཏང་ནས་ཕན་ཚན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་དབང་ཐུན་མོང་མ་ལག་གཏོད་དགོས་ཞེས་འཁོད་ཡོད་པ་རེད།

ཡོངས་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།