༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཚད་མཐོའི་དོ་ཁུར་བྱེད་པ་དང་། ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་པ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཏང་གི་ཚོགས་ཆེན་བཅུ་དགུ་པར་འཚོག་ལ་ཉེ་བ་དང་བསྟུན། རྒྱལ་སྤྱིའི་སྨྱན་སྦྱོར་ཚན་པ་ཁག་གིས་ཀྱང་ཀྲུང་གོར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད།

སིང་ཀ་ཕོར་གྱི་མཉམ་འབྲེལ་ཞོགས་པའི་ཚགས་པར་ཐོག་ངེས་པར་དུ་ཁས་ལེན་བྱེད་དགོས་པ་ཞིག་ནི་ཀྲུང་གོ་དེ་ཉིད་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་ཆབ་སྲིད་གར་སྟེགས་ཐོག་གི་གོ་གནས་ནི་ཉིན་ལྟར་མཐོ་རུ་འགྲོ་བཞིན་ཡོད་པ་དང་། ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྲུང་གོའི་བསྒྱུར་བཅོས་གྱི་འཕེལ་ཚད་དེས་ཀྲུང་གོའི་རྒྱུན་མཐུད་གོང་འཕེལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། ས་ཁུལ་དང་རྒྱལ་སྤྱིའི་དཔལ་འབྱོར་ལའང་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བཀོད་ཡོད་པ་རེད།

སིང་ཀ་ཕོར་གྱི་ཚོགས་འགག་སྐབས་དོན་ཚགས་པར་ཐོག་ཏུ་ཡང་གནས་ཚུལ་སྤེལ་ཏེ་ཚོགས་ཆེན་བཅུ་དགུ་པ་ཚོགས་རྗེས་ཀྲུང་གོ་དེ་ཉིད་དཔལ་འབྱོར་བསྒྱུར་བཅོས་ཀྱི་གཏིང་ཟབ་པའི་དུས་རིམ་ལ་སླེབ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཉེ་ཆར། འཇར་མན་གྱི་རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་ཞེས་པའི་དུས་དེབ་དྲ་ཚིགས་ཐོག་སྤེལ་བའི་རྩོམ་ཡིག་ནང་། དུས་ཡུན་ལོ་ངོ༣༠ཡི་རིང་ལ། ཀྲུང་གོ་དེ་ཉིད་དབུལ་ཕོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་དཔལ་འབྱོར་མ་ལག་ཆེན་པོ་ཨང་གཉིས་པར་སླེབས་ཡོད་པ་དང་། ཀྲུང་གོས་བཅོས་བསྒྱུར་སྒོ་དབྱེའི་སྲིད་ཇུས་ལ་བརྟེན་ནས་ལེགས་གྲུབ་ལྡན་པའི་དཔལ་འབྱོར་གྱི་སྙེག་བརྒལ་རྣམ་པ་ཞིག་བཏོན་འདུག་ཅེས་བཀོད་ཡོད་པ་རེད།

འཇར་མན་གྱི་འཛམ་གླིང་ཚགས་པར་ཐོག་གནས་ཚུལ་སྤེལ་ནས། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱ་རྒྱུ་ནི་ཚོགས་ཆེན་བཅུ་དགུ་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་འགྱུར་འོས་ཤིང་། དངུལ་བུན་སྐོར་ནས་བཤད་ན། ཀྲུང་གོའི་སྲིད་གཞུང་གིས་མིག་སྔར་བུ་ལོན་ལྦུ་སོབ་ཚོད་འཛིན་བྱེད་རྒྱུ་ལ་གནད་འགག་ཡོད་མི་སྲིད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཉེ་ཆར། ཨ་རི་དང་དབྱིན་ཇི། ལྗར་པན། ཨུ་རུ་སུ་སོགས་རྒྱལ་ཁབ་གི་གཙོ་ཁྲིད་སྨྱན་སྦྱོར་ཁག་གིས་ཀྱང་སྔ་རྗེས་སུ་དཔྱད་བརྗོད་རྩོམ་ཡིག་སྤེལ་ནས། ཀྲུང་གོས་གསར་གཏོད་ཀྱི་ཁྱབ་ཁོངས་ཕྱོགས་མང་པོའི་ཐད་ནས་ནུབ་ཕྱོགས་བརྒལ་ཏེ་རིམ་བཞིན་འཛམ་གླིང་གི་གསར་གཏོད་ཀྱི་སྣེ་ཁྲིད་བྱེད་མཁན་དང་སྒྲིག་སྲོལ་འཛུགས་མཁན་འགྱུར་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བཀྲ་རྡོར།