༄༅།།༼ཚོགས་ཆེན་བཅུ་དགུ་པ་དགའ་སྤྲོས་བསུ།༽ཀྲུང་གོའི་འཁོར་སྐར་བར་སྣང་ཁམས་སུ་འོད་ཆེམ་ཆེམ་དུ་འཕྲོ་བ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡངས་པའི་འཇིག་རྟེན་ཁམས་འཚོལ་ཞིབ་བྱེད་པ་དང་། འཇིག་རྟེན་འཕུར་སྐྱོད་བྱ་གཞག་གོང་འཕེལ་བཏང་ནས། འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ནི། ང་ཚོས་འབད་བརྩོན་ལྷོད་མེད་བྱེད་པའི་འཕུར་སྐྱོད་ཕུགས་འདུན་ཡིན་ཞེས་བསྟན་གནང་ཡོད། ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་འཕྲིན་གཏོང་འཁོར་སྐར་དང་། རྒྱང་འཚོར་འཁོར་སྐར། བར་སྣང་ཁམས་ཀྱི་ཚན་རིག་ཚོད་ལྟའི་འཁོར་སྐར་སོགས་ཁྱབ་ཁོངས་ནང་འཛམ་གླིང་རིམ་པ་མང་པོའི་འགག་གཏོར་གྲུབ་འབྲས་ཐོབ་པ་དང་། མིའི་རིགས་ཀྱི་འཚོ་བ་དང་མིའི་རིགས་ཀྱི་ཤེས་དཔལ་རྒྱ་སྐྱེད་གཏོང་ཆེད་ཀྲུང་གོ་བས་ལེགས་སྐྱེས་འབུལ་བཞིན་ཡོད།
བར་སྣང་ཁམས་སུ་འཕུར་སྐྱོད་བྱེད་པའི་གནམ་གྲུའི་ཐོག་དང་། ཡང་ན་རྒྱང་རིང་ཁུག་ཀྱོག་གི་བྱེ་ཐང་ཆེན་པོའི་ཁུལ་བཅས་ཡུལ་གང་ཞིག་ཏུ་གནས་རུང་། རང་ཁྱིམ་དུ་བསྡད་པ་ནང་བཞིན་སྟབས་བདེ་པོའི་སྒོ་ནས་འབྲེལ་མཐུད་དྲ་རྒྱ་འབྲེལ་ཐུབ་བམ། ད་ལྟ་ཀྲུང་གོའི་འཁོར་སྐར་ཞིག་གིས་ཕུགས་འདུན་དེའི་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད་ཅིང་། རང་རྒྱལ་གྱིས་རང་བདག་ཞིབ་བཟོ་བྱས་པའི་བརྒྱུད་ཚད་མཐོ་བའི་འཕྲིན་གཏོང་འཁོར་སྐར་དང་པོ་ལག་ལེན་བཅུ་གསུམ་པ་རྟགས་ཅན་གྱིས། G20ཡི་འཕྲིན་གཏོང་ཐག་ཡངས་མངོན་འགྱུར་བྱེད་ཐུབ་ཀྱི་ཡོད་པ་རེད།

དེ་དང་དུས་མཚུངས་སུ། ཀྲུང་གོའི་འཁོར་སྐར་གཞན་ཞིག་གིས་མིའི་རིགས་ཀྱི་འཕྲིན་གཏོང་བྱེད་སྟངས་ལ་འཕོ་འགྱུར་ཆེན་པོ་ཞིག་བཟོ་བཞིན་ཡོད། ད་ལོ། མོ་ཙེ་རྟགས་ཅན་གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་འཁོར་སྐར་གྱིས་འཁོར་སྐར་ནས་ས་ངོས་བར་གྱི་ཚད་རྡུལ་གསང་ལྡེ་བགོས་གཏོང་དང་ས་ངོས་ནས་འཁོར་སྐར་བར་གྱི་ཚད་རྡུལ་ཡིབ་གཟུགས་རྣམ་པ་མཐོང་རྒྱུ་རྒྱལ་སྤྱིའི་ཐོག་ཐེངས་དང་པོ་ལེགས་གྲུབ་བྱུང་ནས། འབྱུང་འགྱུར་ཕན་ནུས་ཆེ་ལ་བདེ་འཇགས་ཡིན་པའི་གནམ་སའི་བར་གྱི་ཚད་རྡུལ་འཕྲིན་གཏོང་དྲ་བ་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

འཁོར་སྐར་བརྒྱུད་ནས་བར་སྣང་ཁམས་སུ་སྐྱོད་པ་མ་ཟད་འཛམ་གླིང་གི་སྣེ་ཤན་དུ་གྱུར་པ་རང་རྒྱལ་གྱི་འཕྲིན་གཏོང་ལག་རྩལ་ཁོ་ན་ཙམ་མིན་པར། རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་འཛམ་གླིང་གི་མངོན་མེད་དངོས་རྫས་འཁོར་སྐར་དང་པོ་ཝུ་ཁོང་རྟགས་ཅན་གྱིས། འཇིག་རྟེན་ཁམས་ཀྱི་མངོན་མེད་དངོས་རྫས་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།

འཕེན་གཏོང་བྱས་ནས་འཁོར་ལམ་ཐོག་སླེབས་མ་ཐག་པའི་མཁྲེགས་ལྡན་Xའཕྲོ་ཐིག་རྒྱང་ཤེལ་འཁོར་སྐར་ཤེས་རབ་རྟགས་ཅན་གྱིས། འཇིག་རྟེན་ཁམས་ཀྱི་ཐོག་མའི་ཆགས་ཚུལ་གང་འདྲ་ཡིན་མིན་ལ་ལན་འདེབས་རྒྱུ་སོགས་མིའི་རིགས་ཀྱི་བར་ཁམས་འཚོལ་ཞིབ་ཀྱི་མཐར་ཐུག་གནད་དོན་ཐད་གདོང་མཆོང་བྱེད་བཞིན་ཡོད།

འབྱུང་འགྱུར་ལོ་ལྔའི་ནང་། རང་རྒྱལ་གྱིས་མུ་མཐུད་ནས་དབྱེ་འབྱེད་བྱེད་ཚད་མཐོ་བའི་ས་ངོས་ལྟ་ཞིབ་ཚོད་དཔག་གི་འཁོར་སྐར་དྲ་བ་འཛུགས་སྐྲུན་བྱས་ནས། ཕྱི་རྒྱལ་ཁེ་ལས་ཀྱིས་སྤྱི་ཁྲེ་ཀླད་ཀོར་དང་ཚགས་ལྔའི་དབྱེ་འབྱེད་ཚོང་སྤྱོད་རྒྱང་འཚོར་གྲངས་གཞི་སྒེར་སྡོམ་བྱེད་པའི་གནས་ཚུལ་ལ་འགག་གཏོར་བྱ་རྒྱུ་རེད།

དེ་དང་དུས་མཚུངས་སུ། རང་རྒྱལ་གྱི་བྱང་སྐར་འཁོར་སྐར་ཁྲིད་སྟོན་མ་ལག་གིས་འཛམ་གླིང་ཡོངས་སུ་དྲ་བ་བཙུགས་ནས། སྤྱི་ལོ་༢༠༢༠ལོའི་སྔ་རྗེས་སུ། འཁོར་སྐར་༣༥ལས་གྲུབ་པའི་གནས་གཏན་འཁེལ་གྱི་དྲ་བས་ས་ངོས་ཐོག་གི་དབྱེ་འབྱེད་བྱེད་ཚད་སྤྱི་ཁྲེ་གཅིག་ནས་གཉིས་བར་སླེབས་པ་བྱ་རྒྱུ་ཡིན་ཞིང་། ཀྲུང་གོའི་འཁོར་སྐར་དེ་དག་གིས་བར་སྣང་ཁམས་སུ་བརྗིད་ཉམས་ལྡན་པའི་འཁོར་སྐར་གྱི་དཔེ་རིས་འགོད་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཚེ་དགའ།