༄༅།།ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱ་གར་གྱི་དམག་མི་ཀྲུང་གོའི་ས་ཁོངས་སུ་འཛུལ་བའི་སྐོར་ལ་དཔྱད་བརྗོད་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-07-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༤ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱ་གར་གྱི་དམག་དཔུང་ཀྲུང་གོའི་མཐའ་མཚམས་ལས་བརྒལ་བའི་དོན་ལ་དམིགས་ནས། འགོ་བརྗོད་དུ་《རྒྱ་གར་གྱིས་ལམ་ནོར་ལྡོག་ཤེས་བྱེད་རོགས་》ཞེས་པའི་དཔྱད་བརྗོད་ཅིག་སྤེལ་ཡོད་པ་གཤམ་གསལ་ལྟར།


རྒྱ་གར་གྱིས་ལམ་ནོར་ལྡོག་ཤེས་བྱེད་རོགས།

རྒྱ་གར་གྱི་དམག་དཔུང་ཁྲིམས་འགལ་ངང་མཐའ་མཚམས་ལས་བརྒལ་ནས་ཟླ་གཅིག་འགོར་ལ་ཉེ་ཞིང་། ཀྲུང་གོས་རྒྱ་གར་ལ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མཐའ་སྲུང་དམག་དཔུང་རྒྱ་གར་ཕྱོགས་ལ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཡང་ཡང་བྱས་མོད། འོན་ཀྱང་རྒྱ་གར་གྱིས་ད་བར་གཏམ་དེ་གོ་མེད་པ་ལྟར་བྱས། ང་ཚོས་རྒྱ་གར་ལ་ལམ་ནོར་ལྡོག་ཤེས་བྱེད་རྒྱུ་དང་། རང་ཚོད་ཟིན་པ་བྱ་རྒྱུའི་ཁ་ཏ་བྱ་རྒྱུ་ཡིན།

༢༠༡༣ལོ་དང་༢༠༡༤ལོར། ཀྲུང་གོ་དང་རྒྱ་གར་གཉིས་བར་ལ་དྭགས་ཉེ་འགྲམ་དུ་རྩོད་པ་བྱུང་བའི་དོན་རྐྱེན་བྱུང་མྱོང་ཞིང་། ཕྱིས་སུ་ཕྱི་འབྲེལ་གྱི་འདུམ་འགྲིག་བརྒྱུད་དེ་ཐག་གཅོད་འོས་འཚམ་བྱུང་། འདས་ཟིན་པའི་ལོ་འགའི་རིང་དུ་གཏན་འཁེལ་བྱས་མེད་པའི་ས་མཚམས་སུ་ཕྱོགས་གཉིས་ཀའི་མཐའ་སྲུང་དམག་དཔུང་གི་བར་ལ་བྱུང་བའི་འགལ་བ་དང་ཐེངས་འདིའི་འགལ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་རྒྱ་གར་ཐོག་དང་པོར་ཕྱོགས་གཉིས་ཀས་དབྱེ་མཚམས་བཅད་ཟིན་པའི་འབྲས་ལྗོངས་ཀྱི་མཐའ་མཚམས་ལས་བརྒལ་བ་དེ་རེད།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀུན་ཧྲང་གིས་བརྗོད་རྒྱུར། འབྲས་ལྗོངས་ཀྱི་མཐའ་མཚམས་ནི་མིག་སྔར་ཕྱོགས་གཉིས་ཀས་དབྱེ་མཚམས་བཅད་ཟིན་པའི་མཐའ་མཚམས་གཅིག་པུ་དེ་ཡིན་ལ། མཐའ་མཚམས་འདི་༡༩༨༠ལོའི་《ཀྲུང་དབྱིན་གྲོས་ཚོགས་ཀྱི་བོད་དང་རྒྱ་གར་བར་གྱི་ཆིངས་ཡིག་》གིས་དངོས་སུ་དབྱེ་མཚམས་བཅད་ཟིན་པ་ཞིག་ཡིན་ཞིང་། ཀྲུང་གོ་དང་རྒྱ་གར་སྲིད་གཞུང་ཕྱོགས་གཉིས་པོས་ཆིངས་ཡིག་དེ་ཁས་ལེན་བཞིན་ཡོད་པས། རྒྱ་གར་གྱིས་ངེས་པར་དུ་ཁྲིམས་འགལ་ངང་མཐའ་མཚམས་བརྒལ་བའི་དམག་དཔུང་ཕྱིར་འཐེན་བྱེད་དགོས།

ཀུན་གྱིས་ཤེས་གསལ་ལྟར། དུས་རབས་གོང་མའི་ལོ་རབས༥༠བར། ཀྲུང་གོ་དང་རྒྱ་གར། འབར་མ་བཅས་ཀྱིས་ཐུན་མོང་ཐོག་འཆམ་མཐུན་མཉམ་གནས་ཀྱི་རྩ་དོན་ལྔ་སྟེ་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན་དང་འཆམ་མཐུན་མཉམ་གནས་བཅས་དར་སྤེལ་བཏང་ཡོད་མོད། འོན་ཀྱང་ཐེངས་འདིར་རྒྱ་གར་ཁྲིམས་འགལ་ངང་རྒྱལ་ཁབ་གཞན་པའི་མངའ་ཁོངས་སུ་འཛུལ་བའི་བྱ་སྤྱོད་འདི་ཡིས་རང་ཉིད་ཀྱིས་དར་སྤེལ་བཏང་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལ་རྡོག་བརྫིས་བཏང།

ཉེ་བའི་ལོ་ཤས་རིང་། རྒྱ་གར་གྱི་དམངས་ཁྲོད་དུ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་དྲག་ལྡན་པའི་རྩ་འཛུགས་ཁ་ཤས་ཀྱིས་རྒྱུན་ཆད་མེད་པར་ཀྲུང་གོར་ངོ་རྒོལ་བྱེད་པར་ངན་སྐུལ་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་འགལ་བ་ཛ་དྲག་ཆེ་བའི་དུས་སྐབས་འདིར་ཡང་། རྩ་འཛུགས་ཁ་ཤས་ཀྱིས་དགྲ་བོའི་རྒྱལ་ཁབ་ཀྱི་ཚོང་རྫས་བཀག་འགོག་བྱ་དགོས་ཞེས་པའི་སྐད་ཅོར་རྒྱག་བཞིན་འདུག ད་དུང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཀྱིས་གནས་ལུགས་མེད་པའི་གཏམ་གླེང་སྤེལ་ཏེ་དགོས་མེད་ཀྱི་འགལ་བ་སློང་བཞིན་འདུག

ཀྲུང་གོའི་ཁ་དཔེ་རུ་འཆམ་མཐུན་ནི་ཧ་ཅང་རྩ་ཆེན་ཡིན་ཞེས་བརྗོད་སྲོལ་ཡོད་ཅིང་། རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་སུའུ་ཇེ་ཧྲིན་གྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་ཕྱོགས་འགལ་དེ་ཉིད་རྩོད་གཞི་རུ་རིམ་འགྱུར་བྱེད་དུ་འཇུག་མི་རུང་ལ། སྔོན་ཆད་ང་ཚོས་གནད་དོན་འདི་རིགས་ཐག་གཅོད་བྱ་ཐུབ་ཡོད་པས། ཐེངས་འདིར་ཡང་མཐའ་མཚམས་ཀྱི་འགལ་བ་ཐག་གཅོད་བྱ་མི་ཐུབ་པའི་རྒྱུ་མཚན་མེད་ཅེས་བརྗོད་ཡོད། ང་ཚོས་རྣམ་འགྱུར་བཟང་པོ་དེ་རིགས་མཐོང་ཡོད་མོད། འོན་ཀྱང་དེ་བས་མཐོང་འདོད་པ་ནི་རྒྱ་གར་གྱིས་རྣམ་འགྱུར་བཟང་པོ་དེ་ལག་ལེན་དུ་བསྟར་རྒྱུ་དེ་ཡིན།

ཀྲུང་གོའི་ཕྱོགས་སུ་ཕྱི་འབྲེལ་གྱི་ཐབས་ལམ་སྤྱད་དེ་ཞི་བདེའི་ངང་གནད་དོན་ཐག་གཅོད་བྱེད་འདོད་ཡོད་པ་མ་ཟད། ད་དུང་མཐའ་མཚམས་ས་ཁུལ་གྱི་ཞི་འཇགས་ལའང་མཐོང་ཆེན་བྱེད་བཞིན་ཡོད་མོད། ཡིན་ནའང་འདི་ཡོད་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱ་གར་གྱིས་ཁྲིམས་འགལ་ངང་མཐའ་མཚམས་བརྒལ་མཁན་དག་ཆ་རྐྱེན་མེད་པར་ཕྱིར་འཐེན་བྱ་རྒྱུ་དེ་ཡིན། རྒྱ་གར་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞིར་བརྩི་སྲུང་བྱས་ཏེ་ནོར་འཁྲུལ་ཅན་གྱི་ལམ་བུའི་སྟེང་ནས་ཕྱིར་ལྡོག་པའི་རེ་བ་བྱེད་བཞིན་ཡོད།

ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྱུར་བ། རིན་ཆེན་འཚོ།