ཝང་ཡང་གིས་ཅང་ཞི་རུ་ཆོས་ལུགས་ལས་དོན་སྐོར་ལ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་ཅང་ཞི་རུ་ཆོས་ལུགས་ལས་དོན་ཐད་རྟོག་ཞིབ་གནང་ཡོད་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་རྣམ་བཤད་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དུས་ཐོག་ཏུ་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། ཞན་ཆ་དང་མི་འདང་བའི་ས་ཁ་གསབ་བྱ་རྒྱུ་མགྱོགས་སུ་གཏོང་བ། ཕུགས་ཕན་སྒྲིག་གཞི་ནུས་ལྡན་ངང་འཛུགས་པ་བཅས་བྱས་ནས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་གནས་བབ་བཟང་པོར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

སྤྱི་ཚེས་9ཉིན་ནས་10ཉིན་བར། ཝང་ཡང་སྔ་ཕྱིར་ཧྥུ་ཀྲའུ་དང་ནན་ཁྲང་སོགས་ས་ཆར་ཕེབས་ནས། ཆོས་ལུགས་བྱེད་སྒོ་སྤེལ་སར་ཟབ་སྐྱོད་གནང་སྟེ་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཆོས་ལུགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་ཡོད་པ་རེད། ཝང་ཡང་གིས་ཅང་ཞི་ཡི་ཆོས་ལུགས་ལས་དོན་གྱི་འབྲེལ་ཡོད་བྱེད་སྟངས་དང་དོན་དངོས་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར། གཅིག་ནས་མིག་སྔའི་ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་དགོས་པ་དང་། དེ་བས་ཀྱང་ཕུགས་ལ་བསམ་བློ་བཏང་ནས་རྨང་གཞི་ཡག་པོ་འདིང་བ་དང་། གཞི་རྩར་དོ་དམ། ཕུགས་ལ་ཕན་པ་ཐོབ་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་དགོས། ཆོས་ལུགས་ལས་དོན་དེ་རིམ་ཁག་ཏང་ཨུད་ཀྱི་གལ་ཆེའི་གྲོས་རིམ་ནང་བཅུག་ནས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ནན་པོ་བཟོས་ཏེ། ཆོས་ལུགས་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། ལས་དོན་སྤེལ་མཁན་ཡོད་པ། ལས་དོན་ཡག་པོ་སྒྲུབ་ཐུབ་པ་བཅས་ཀྱི་འགན་སྲུང་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱབ་ནས། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་གནས་བབ་ཧྲིལ་པོའི་མཐོ་ཚད་ཀྱི་ཐོག་ནས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་ཡོང་བ་དང་། ཆོས་ལུགས་ལས་དོན་གྱི་གཞི་རྩའི་སྲིད་ཇུས་ཁོང་དུ་ཆུད་པ། ལམ་ལུགས་ཅན་གྱི་ལས་ཀའི་བྱེད་ཐབས་འཛུགས་པ་བཅས་བྱས་ཏེ། དོ་དམ་བྱེད་མི་འདོད་པ་དང་། དོ་དམ་བྱེད་མི་ཕོད་པ། དོ་དམ་བྱེད་མི་ཤེས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས་པ་དང་། མང་ཚོགས་ཀྱིས་དོན་དངོས་དཀའ་ངལ་ཐག་གཅོད་བྱ་རྒྱུར་རོགས་རམ་བྱེད་པའི་འགན་སེམས་དང་ནུས་པ་ཆེ་རུ་གཏོང་བ། ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་སྟངས་འཛིན་གྱི་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་རྒྱུ་དང་། རང་རྟོགས་ངང་རིགས་ཁག་གི་སྒྲིག་འགལ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཀག་འགོག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཆོས་དཔོན་དང་ལས་བཟོ་པར་དོ་དམ་བྱེད་པའི་ཐད་ཀྱི་སྲིད་ཇུས་ཁྲིམས་སྲོལ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཆོས་ལུགས་ལས་རིགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནང་ཁུལ་གྱི་དོ་དམ་ལམ་ལུགས་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཆོས་ལུགས་མི་སྣས་སློབ་སྲོལ་ཡང་དག་འཛུགས་རྒྱུ་དང་ཐོས་བསམ་སྒོམ་གསུམ་ལ་བརྩོན་རྒྱུར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་སློབ་གྲྭས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་གཙོ་བོ་དང་སྒར་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ན་གཞོན་ཆོས་ལུགས་མི་སྣ་གསོ་སྐྱོང་དང་ད་ཡོད་ཆོས་དཔོན་དང་ལས་བཟོ་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་མི་སྣས་ནུས་པ་འདོན་སྤེལ་བྱ་རྒྱུར་སྟེགས་བུ་བསྐྲུན་པ་དང་ལམ་བུ་ཤར་གཏོང་བྱས་ཏེ། ཆབ་སྲིད་ཐད་ཡིན་རྟོན་རུང་བ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་མི་རྣམས་ཡི་རང་བ། འགག་རྩའི་སྐབས་ནུས་པ་ཐོན་པ་བཅས་ཀྱི་ཆོས་དཔོན་དང་ལས་བཟོ་པའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།