ཞི་ཅིན་ཕིང་གིས་མཁའ་དམག་གི་རྟེན་གཞི་ཞིག་ལ་རྟོག་ཞིབ་གནང་འདུག
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས22ཉིན་མཁའ་དམག་གི་རྟེན་གཞི་ཞིག་ལ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཐོག ཐོག་མའི་བསམ་འདུན་སེམས་ལ་ངེས་པ་དང་། རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་བཏང་ནས། གཟེངས་ཐོན་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་འདུག

ཟླ་བརྒྱད་པའི་ཀན་སུའུ་ས་གཞིར་གནམ་གཤིས་ཡག་ལ་གང་སར་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རེད། སྔ་དྲོའི་ཆུ་ཚོད་བཅུ་པར། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་མཁའ་དམག་གི་རྟེན་གཞི་ཞིག་ལ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཀན་སུའུ་དུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ཐོན་རིམ་པའི་ཚན་པའི་འགན་འཁུར་བ་གཙོ་བོ་རྣམས་དང་མཇལ་འཕྲད་གནང་བ་དང་། ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད། དམག་འཐབ་བཀོད་འདོམས་ལྟེ་གནས་ནང་དཔོན་དམག་རྣམས་ཛ་བྲེལ་དང་གོ་རིམ་ལྡན་པའི་ངང་ལས་དོན་སྒྲུབ་བཞིན་ཡོད་པ་རེད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ལས་རེས་སྡོད་གནས་ལ་གཟིགས་པ་དང་། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་། དམག་གྲབས་ལས་རེས་དང་སྦྱོང་བརྡར་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

ཞི་ཅིན་ཕིང་ནས་བརྙན་མཐོང་བརྒྱུད་རྟེན་གཞིའི་འབྲེལ་ཡོད་དཔུང་སྡེར་གཟིགས་པ་རེད། ལེ་ཏ་ས་ཚིགས་ག་གེ་མོ་ས་བབ་མཐོ་ཚད་སྨི3600ཡི་ས་མཐོར་གནས་ཡོད་པ་དང་། ལོ་ལྟར་དམག་གྲབས་ལས་རེས་ཀྱི་འགན་འཁུར་གྱི་ཡོད། ཞི་ཅིན་ཕིང་གིས་དཔོན་དམག་རྣམས་ཀྱི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོ་ཚོས་སྲོལ་རྒྱུན་དར་སྤེལ་དང་། རང་བཞིན་ཉིད་རྒྱུན་འཁྱོངས་བྱེད་པ། རྩལ་ནུས་བྱང་ཆུབ་པར་བྱེད་པ། ལྷག་བསམ་རྣམ་དག་གིས་རང་འགན་སྒྲུབ་པ་བཅས་བྱེད་དགོས་པའི་སྐུལ་མ་གནང་བ་རེད། སྐྱེལ་འདྲེན་འཚོལ་སྐྱོབ་ཐོན་ཤོག་ག་གེ་མོས་དམག་གྲབས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་མ་ཟད། བསྟུད་མར་ལོ་སུམ་ཅུ་ལྷག་ཙམ་རིང་གནམ་གྲུའི་ཐོག་ནས་སོན་འདེབས་ཀྱིས་ནགས་བཟོ་བྱེད་པའི་ལས་འགན་འཁུར་ཡོད་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོའི་གྲུབ་འབྲས་ཁས་ལེན་གནང་བ་མ་ཟད། ཁོང་ཚོས་མི་དམངས་དམག་དཔུང་གི་རྩ་བའི་དམིགས་འབེན་སེམས་ལ་བརྟན་པོར་ངེས་ཐོག མུ་མཐུད་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་གྱིས། ཏང་དང་མི་དམངས་ཀྱིས་སྤྲད་པའི་འོས་འགན་ལེགས་པར་བསྒྲུབ་དགོས་པའི་ཐུགས་རེ་གནང་བ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་རྟེན་གཞི་དེའི་ལས་དོན་སྙན་ཞུ་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་དུས་སྐབས་འདིར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་དུས་ལ་བབ་པ་དང་། དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་གསུངས་འདུག ཁོང་གིས། ཏང་ཀྲུང་དབྱང་གི་ཆོད་སེམས་དང་འདོད་འདུན་ལ་གོ་བ་གཏིང་ཟབ་བླངས་ཐོག ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། བརྗོད་དོན་གཙོ་བོའི་སློབ་གསོར་དངོས་གནས་དྲང་གནས་ཀྱི་ཕན་འབྲས་ཐོན་པ་བྱ་དགོས། བརྗོད་དོན་གཙོ་བོའི་སློབ་གསོས་ཕན་འབྲས་དངོས་གཙིགས་ཆེར་འཛིན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྣ་ཚོགས་ཁྱད་བསད་བྱ་དགོས་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས། དོན་དངོས་ལ་དམ་པོར་གཞིགས་ནས་གནད་དོན་འདོན་པ་དང་། དངོས་དངོས་འབྱིན་འབྱིན་གྱིས་གནད་དོན་ཐག་གཅོད་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དངོས་འཛིན་དངོས་གྲབས་བྱེད་པ་དང་། དམག་གྲབས་རྒྱུན་བསྲིངས་ལྷོད་མེད་བྱ་དགོས་ཞེས་བསྟན་འདུག ཁོང་གིས། དོན་དག་བྱུང་ཚེ་ལམ་སེང་ཐོན་ཐུབ་པ་དང་། རྒྱལ་ཁབ་ལེན་ཐུབ་པ་འགན་སྲུང་བྱ་དགོས། དངོས་འཐབ་དངོས་སྦྱོང་དང་། མཉམ་འཐབ་མཉམ་སྦྱོང་འཁྱོངས་བྱེད་པ་དང་། ཁ་གཏད་འགྲན་རྒོལ་རང་བཞིན་དང་། དམིགས་ཡོད་རང་བཞིན། རོགས་ལས་རང་བཞིན་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས། སྦྱོང་བརྡར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། དམག་འཐབ་ལ་བརྟེན་ནས་འཛུགས་སྐྱོང་ལ་སྣེ་ཁྲིད་པ་དང་། སྦྱོང་བརྡར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གྱིས། དམག་འཐབ་སྟོབས་ཤུགས་དང་འགན་སྲུང་སྟོབས་ཤུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་། ཁྱོན་ཡོངས་ནས་དམག་ནན་སྐྱོང་ལ་དམ་འཛིན་གྱིས། རྒྱུན་གཏན་རང་བཞིན་གྱི་བསམ་བློའི་ལས་དོན་དང་རྒྱུན་གཏན་རང་བཞིན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་ནས། དཔུང་སྡེའི་གཅིག་སྡུད་གཅིག་གྱུར་དང་སྤྱོད་གཙང་སྲ་བརྟན་ལ་འགན་སྲུང་དང་། དཔུང་སྡེའི་བདེ་འཇགས་བརྟན་ལྷིང་ལ་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་འདུག ཁོང་གིས། དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། གཟབ་ནན་གྱིས་དམག་སྣེ་ཁྲིད་པ་དང་། བརྩེ་བ་ལྡན་པའི་ཐོག་ནས་དམག་སྣེ་ཁྲིད་ཐོག དཔུང་སྡེའི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས། ལས་ཀའི་གཙོ་གནད་གཞི་རིམ་དུ་འཇོག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས། གཞི་རིམ་གྱི་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བ་དང་། ཁྱོན་ཡོངས་ནས་ནུས་ལྡན་དུ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས་རིམ་པ་ཁག་གིས་སེམས་རྩ་འཁོལ་པོས་དཔོན་དམག་གི་དཀའ་གནད་སེལ་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས། རྒྱ་ཆེའི་དཔོན་དམག་རྣམས་ནས་སེམས་ནུས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག ཞུད་ཆི་ལེང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། རྒྱལ་པོ།