ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་བའི་དངོས་བྲིས།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། སེམས་ཤུགས་བརྟན་པོ་དང་གསར་གཏོད་གསར་སྐྲུན། དམ་པ་དོན་གཉེར། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་བྱས་ཏེ་མང་ཚོགས་ཕྱུག་པོ་དང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། བརྟན་པོའི་ཁྲོད་གོང་འཕེལ་ཡོང་རེ་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སེམས་ཤུགས་བརྟན་དུ་གཏོང་བ། གསར་གཏོད་གསར་སྐྲུན་བྱེད་པ། དམ་པ་དོན་གཉེར་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ། འཕར་སྣོན་བརྟན་པོ་དང་སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ། དབུལ་སྒྲོལ་འགག་གཏོར་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ་བཅས་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་ཡག་པོ་ཞིག་འཛུགས་སྐྲུན་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཕྱུག་པོ་དང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་པའི་དུས་རབས་ཀྱི་ལེའུ་ཧུར་ཐག་གཏོད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

སྟོན་དུས་ཀྱི་རྨ་ནུབ་དོག་ལམ་དུ། རླུང་བུ་བསིལ་ལ་ཤིང་ཏོག་གི་དྲི་ཞིམ་འཐུལ་བཞིན་ཡོད་པ་དང་། མདོ་ལ་རི་བོ་དང་བྱེ་ཐང་སྔོ་ལྗང་གི་མཛེས་ལྗོངས་ནི་མཛེས་སྡུག་རྣམ་པར་དཀྲ་བ་ཞིག་ཡོད། སྤྱི་ཚེས་19ཉིན་ནས་22ཉིན་བར། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཏོ་དང་། ཞིང་ཆེན་གྱི་འགོ་འཛིན་ཐང་རེན་ཅན་གྱི་ཕེབས་རོགས་འོག སྔ་རྗེས་སུ་ཅིའུ་ཆོན་དང་། ཅ་གཡུས་ཀོན། ཀྲང་ཡེ། ཝུ་ཝེ། ལན་ཀྲའུ་སོགས་ས་ཆར་ཕེབས་གནང་བ་དང་། རིག་དངོས་སྲུང་སྐྱོབ་ཚན་པ་དང་། གྲོང་གསེབ། སློབ་གྲྭ། རྩ་རྭ་དང་ནགས་རྭ། གསར་བརྗེའི་དྲན་གསོ་ཁང་། བྲུབ་འགོག་ལས་གཞི། རིག་གནས་ཁེ་ལས་སོགས་ལ་ཕེབས་ནས།དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་ཐད་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད་པ་རེད།

སྤྱི་ཚེས་19ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་པེ་ཅིང་ནས་གནམ་གྲུར་བཞུགས་ཏེ་ཅིའུ་ཆོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཏུན་ཧོང་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་པ་མ་ཐག་མོ་ཀའོ་ཁུ་བྲག་ཕུག་ཏུ་ཕེབས་ནས་མོ་ཀའོ་ཁུ་བྲག་ཕུག་གི་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་གནས་ཚུལ་རྟོག་ཞིབ་དང་མཁྱེན་རྟོག་གནང་ཡོད། དེ་གར་ལྟ་སྐོར་བྱེད་བཞིན་པའི་ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་སེམས་འགུལ་ཆེན་པོས་ཁོང་གི་འགྲམ་དུ་བཅར་ནས། སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ཁམས་བཟང་ཞེས་དགའ་འབོད་བྱས་པ་དང་། ཞི་ཅིན་ཕིང་གིས་མཛའ་བརྩེའི་ངང་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་མ་ཟད། ཚང་མའི་མདུན་དུ་ཕེབས་ནས་ཕྱག་བཏང་ཏེ་འཚམས་འདྲི་གནང་བ་དང་། ཚང་མས་ཡུལ་སྐོར་བྱེད་སྐབས་རིག་དངོས་སྲུང་སྐྱོབ་ལ་དོ་སྣང་བྱེད་དགོས་པའི་མངག་བཅོལ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་བྲག་ཕུག་ནང་ཕེབས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཚོན་ཁྲའི་འཇིམ་བཟོ་དང་། ལྡེབས་རིས་ལ་གཟིགས་གནང་ཡོད་པ་རེད། ཁོང་གིས།མེས་པོས་ང་ཚོར་བཞག་གནང་བའི་རྩ་ཆེའི་རིག་དངོས་ཤུལ་བཞག་ལ་གཅེས་འཛིན་ཆེན་པོ་བྱེད་པ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བྲག་ཕུག་གི་འཛུགས་སྐྲུན་དང་ཚོན་རིས། ལྡེབ་རིས་བཅས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྔོན་ཐོན་གྱི་ཚན་རིག་ལག་རྩལ་བེད་སྤྱད་ནས་སྲུང་སྐྱོབ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་རིག་གནས་ཤུལ་བཞག་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་མུ་མཐུད་ནས་ཏུན་ཧོང་ཞིབ་འཇུག་ཁང་དུ་ཕེབས་པ་དང་། ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་དང་རིག་གཞུང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་གནང་བ་དང་། རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པ་དང་། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་དར་སྤེལ་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་གནང་བ་མ་ཟད། འབྲེལ་ཡོད་ཆེད་མཁས་དང་རིག་གནས་པ། རིག་གནས་སྡེ་ཚན་བཅས་ཀྱི་འཐུས་མི་དང་བཞུགས་མོལ་གནང་ཡོད། ཏུན་ཧོང་ཞིབ་འཇུག་ཁང་གི་མཚན་འཛིན་འགོ་འཛིན་ཧྥན་ཅིན་ཧྲེ་དང་། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སུའུ་ཞའོ་ལིན། ལན་ཀྲའུ་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཀྲེན་པིང་ལིན་བཅས་ཀྱིས་སྤེལ་བའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གལ་ཆེའི་གསུངས་བཤད་གནང་ཡོད། ཁོང་གིས་ཏུན་ཧོང་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ལ་གདེང་འཇོག་གནང་བ་དང་། ཏུན་ཧོང་རིག་གནས་ནི་ཀྲུང་ཧྭ་ཤེས་དཔལ་དང་ཤེས་དཔལ་སྣ་ཚོགས་ཡུན་རིང་སྤེལ་རེས་དང་མཉམ་འདྲེས་བྱས་པའི་མཇུག་འབྲས་ཡིན་ཞེས་ནན་བཤད་གནང་བ་དང་། ཞི་ཅིན་ཕིང་གིས། ང་ཚོས་ཀྲུང་ཧྭ་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་དགོས་ན། དེ་བས་ཁོག་ཡངས་དང་དེ་བས་རྒྱ་ཆེ་བའི་ངང་རྒྱལ་ཁབ་ཁག་དང་རིག་གནས་སྤེལ་རེས་བྱེད་པ་དང་། དེ་བས་ཧུར་ཐག་དང་རང་འགུལ་ངང་འཛམ་གླིང་ཐོག་གི་ཕུལ་བྱུང་གི་ཤེས་དཔལ་གྲུབ་འབྲས་ཚང་མར་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་དགོས་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཏུན་ཧོང་གི་རིག་གནས་ཞིབ་འཇུག་དང་དར་སྤེལ་གཏོང་བར་གཅིག་ནས་ཏུན་ཧོང་གི་རིག་གནས་དང་ལོ་རྒྱུས་ཤུལ་རྫས་་ནང་ལྡན་པའི་མཚན་ཉིད་རིག་པའི་བསམ་བློ་དང་མི་ཆོས་རིག་གནས་ཀྱི་སྙིང་སྟོབས་རིན་ཐང་ལྟ་བ། ཀུན་སྤྱོད་ཚད་གཞི་སོགས་སྔོག་འདོན་བྱེད་དགོས་པ་དང་གཉིས་ནས་དེའི་ནང་ཁྱབ་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྙིང་སྟོབས་དང་རིག་གནས་ཁོག་ཡངས་སྔར་བས་མངོན་པ་བྱས་ནས་རིག་གནས་བློ་སྤོབས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། རྒྱལ་ནོར་རྒྱུན་འཛིན་དང་མངོན་མིན་རིག་གནས་ཤུལ་རྫས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་དང་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏུན་ཧོང་རིག་གནས་ལ་ཞིབ་འཇུག་བྱེད་པ་དེས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ་དང་ལམ་རྒྱུད་རྒྱལ་ཁབ་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་སེམས་གཅིག་མཐུན་ཇེ་ཟབ་ཏུ་གཏོང་དགོས། ཏུན་ཧོང་རིག་པར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་ནས་རང་རྒྱལ་གྱི་ཏུན་ཧོང་རིག་གནས་སྲུང་སྐྱོབ་དང་ཏུན་ཧོང་རིག་པར་ཞིབ་འཇུག་བྱེད་པའི་གྲུབ་འབྲས་གང་ལེགས་མངོན་པ་བྱེད་དགོས། ཚན་ཞིབ་ལས་དོན་པར་ཐུགས་འཁུར་དང་གཅེས་སྐྱོང་དང་ཤེས་ལྡན་མི་སྣར་སྐུལ་ལྕག་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཚན་ཞིབ་ལས་དོན་པར་ཞིབ་འཇུག་དང་སློབ་སྦྱོང་ཟབ་སྦྱོང་། ཞིབ་འཇུག་སྤེལ་རེས་བཅས་བྱེད་རྒྱུར་སྟེགས་བུ་སྔར་བས་ལེགས་པ་སྐྲུན་པ་དང་ཚན་ཞིབ་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས་ཅེས་ནན་གསུངས་གནང་ཡོད་པ་རེད།

ཅ་གཡུས་ཀོན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་འཛམ་གླིང་རིག་གནས་ཤུལ་རྫས་ཡིན་པ་དང་རང་རྒྱལ་མིང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཡི་ལྕགས་རི་རིང་པོའི་ནུབ་སྣེ་རེད། སྤྱི་ཚེས་༢༠ཉིན་གྱི་སྔ་དྲོ། ཞི་ཞིན་ཕིང་སྐུ་ངོ་མ་ཅ་གཡུས་ཀོན་དུ་ཕེབས་ཡོད། ཞི་ཅིན་ཕིང་གིས་མཁར་གྲོང་ལ་གཟིགས་ཞིབ་གནང་བ་མ་ཟད་ལྕགས་རི་རིང་པོར་སྲུང་སྐྱོབ་བྱེད་ཚུལ་གྱི་ངོ་སྤྲོད་གསན་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ལྕགས་རི་རིང་པོའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཡར་ཐོན་ལྷུར་ལེན་གྱི་འབད་འཐབ་སྙིང་སྟོབས་དང་བློ་སྟོབས་ཆེར་སྐྱེད། དཔའ་ངར་ཞུམ་མེད་བཅས་ཀྱི་རྒྱལ་གཅེས་བརྩེ་སེམས་གཅིག་འདུས་བྱས་ཡོད་ཅིང་དེ་ཀྲུང་ཧྭ་མི་རིགས་ཀྱི་ཚབ་མཚོན་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭ་ཡི་ཤེས་དཔལ་གྱི་གལ་ཆེའི་མཚོན་རྟགས་ཞིག་ལ་གྱུར་ཡོད་པས་ལྕགས་རི་རིང་པོའི་རིག་གནས་རིན་ཐང་སྔོག་འདོན་དང་རིག་གནས་ཤུལ་རྫས་རྒྱུན་འཛིན་སྲུང་སྐྱོབ་ལས་དོན་ཡག་པོ་བྱེད་པ་དང་མི་རིགས་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་ཞིག་གཅིག་འདུས་བྱེད་དགོས་ཀྱི་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།

ཅ་གཡུས་ཀོན་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་གྱི་ཀའོ་ཐེ་རྫོང་དུ་ཕེབས་ནས་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོའི་རྡོ་རིང་དང་སྐུ་གཤེགས་དཔའ་བོའི་སྤྱི་པའི་བང་གསོར་གུས་མཇལ་ཞུས་གནང་བ་དང་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ། གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་གནང་ཡོད་པ་རེད། ལོ་ངོ་༨༠གོང་དུ་ནུབ་ལམ་དམག་དཔུང་རྨ་ནུབ་དོག་ལམ་དུ་འབྱོར་ནས་དམག་འཐབ་དྲག་པོ་བརྒྱབ་པ་དང་ནམ་ཡང་མི་ནུབ་པའི་བྱས་རྗེས་བཞག་ཡོད་པ་རེད། དྲན་གསོ་ཁང་ནང་དུ་ཞི་ཅིན་ཕིང་གིས་དེ་སྔའི་དམག་འཐབ་ལོ་རྒྱུས་དང་མི་སེམས་འགུལ་བའི་བྱས་རྗེས་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་འགོ་ཁྲིད་གནང་ནས་ཐོབ་པའི་རླབས་ཆེའི་མཛད་རྗེས་ནི་ཧ་ཅང་གི་འོད་སྟོང་འབར་བ་ཞིག་རེད། ཡིན་ནའང་ང་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཀྲུང་གོ་གསར་པའི་འཛུགས་སྐྲུན་ཆེད་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་གསར་བརྗེའི་སྔོན་བྱོན་པ་ཚོ་མི་བརྗེད་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པའི་ཁྲག་དྲོན་དང་ཚེ་སྲོག་བློས་གཏོང་བྱས་པ་ལས་བྱུང་བ་ཞིག་ཡིན་པས་གསར་བརྗེའི་སྲིད་དབང་འདི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་ཀྲུང་གོ་གསར་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན་པར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། ནུབ་ལམ་དམག་གིས་དཀའ་ཚེགས་ལ་མི་སྐྲག་པ་དང་ཁྲག་དོན་དམག་འཐབ་བྱས་པའི་དཔའ་བོའི་རིང་ལུགས་ཀྱི་སྤོབས་ཉམས་དང་ཏང་དང་མི་དམངས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱེད་པའི་སྙིང་སྟོབས་ནི་ལྕགས་རི་རིང་པོའི་སྙིང་སྟོབས་དང་འདྲ་བར་གཅིག་རྒྱུད་གཅིག་འཛིན་ཡིན་པ་དང་ཀྲུང་གོའི་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་སྙིང་སྟོབས་ཀྱི་རྒྱུ་ནོར་གྱི་གལ་ཆེའི་གྲུབ་ཆའི་ཆ་ཤས་རེད། ང་ཚོས་ཏང་གི་ལོ་རྒྱུས་ཡག་པོ་བརྗོད་པ་དང་དམར་དམག་གི་སྒྲུང་གཏམ་ཡག་པོ་བརྗོད་པ། ནུབ་ལམ་དམག་གི་སྒྲུང་གཏམ་ཡག་པོ་བརྗོད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

དེ་རྗེས། ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་གྱི་ཧྲན་ཏན་རྫོང་དུ་ཕེབས་ནས་ཧྲན་ཏན་ཕེ་ལི་སློབ་གྲྭར་རྟོག་ཞིབ་གནང་ཡོད། ཧྲན་ཏན་ཕེ་ལི་སློབ་གྲྭ་ནི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་ཀྱི་འཐབ་འཛིང་པ། ནེའུ་ཙེ་ལན་གྱི་སྐད་གྲགས་ལྡན་པའི་སྤྱི་ཚོགས་བྱེད་སྒོ་མཁས་ཅན་ལུའུ་དབྱི་ཨེ་ལིས་སྤྱི་ལོ་༡༩༤༢ལོར་གསར་འཛུགས་གནང་བ་དང་ལས་རིགས་སློབ་གསོའི་ཁྱད་ཆོས་དང་ཚེ་གང་སློབ་གསོའི་འདུ་ཤེས་འབུར་ཏུ་ཐོན་ཞིང་དངོས་སྤྱོད་ལག་རྩལ་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཞི་ཅིན་ཕིང་གིས་སློབ་གྲྭའི་གནས་ཚུལ་གི་ངོ་སྤྲོད་གསན་གནང་བ་དང་ལུའུ་དབྱི་ཨ་ལིའི་བཞུགས་གནས་རྙིང་པར་གཟིགས་སྐོར་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་དངོས་སྦྱོང་སློབ་ཁྲིད་ཐོག་ཁང་དུ་ཕེབས་པ་དང་དེང་རབས་བཟོ་སྐྲུན་ལག་རྩལ་དངོས་སྦྱོང་སློབ་ཁང་དང་རིག་ནུས་ཁྱིམ་ཆས་དངོས་སྦྱོང་ཁང་དུ་ཕེབས་ནས་ལས་རིགས་རྩལ་ནུས་དངོས་སྦྱོང་ལ་གཟིགས་གནང་བ་མ་ཟད་དགེ་སློབ་ཚོ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དངོས་གཟུགས་དཔལ་འབྱོར་ནི་རང་རྒྱལ་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན་ཡིན་ཞིང་། དངོས་གཟུགས་དཔལ་འབྱོར་སྟོབས་ཆེར་གཏོང་དགོས་ན་ལག་རྩལ་མི་སྣ་འབོར་ཆེན་ཞིག་དགོས་པ་དང་། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་པ། ལས་གནས་སློབ་གསོ་གོང་འཕེལ་གཏོང་བར་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ། ཧྲན་ཏན་ཕེ་ལི་སློབ་གྲྭ་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ལྡན་པའི་ལས་རིགས་སློབ་གྲྭ་ཞིག་ཡིན། སྐུ་ཞབས་ལུའུ་དབྱིས་ཨའེ་ལིས་ཀྱིས་ལག་པ་དང་ཀླད་པ་མཉམ་དུ་བེད་སྤྱད་ནས་གསར་གཏོད་དང་དབྱེ་ཞིབ་བྱེད་ཅེས་པའི་སློབ་གྲྭ་བཙུགས་པའི་དམིགས་ཡུལ་བཏོན་ཡོད་པ་དང་། དེར་ང་ཚོས་ད་ལྟ་ལས་རིགས་སློབ་གསོ་གོང་འཕེལ་གཏོང་བར་དཔྱད་གཞིར་འཛིན་པའི་དོན་སྙིང་སྔར་བཞིན་ལྡན་ཡོད། ཕུལ་བྱུང་གི་སྲོལ་བཟང་རྒྱུད་འཛིན་བྱེད་པ་དང་། སློབ་གྲྭ་བཙུགས་པའི་འདུ་ཤེས་གསར་གཏོད་བྱས་ནས། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བར་བཀོལ་སྤྱོད་ཅན་དང་ལག་རྩལ་ཅན་གྱི་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད། ཁོང་གིས། སློབ་གྲོགས་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་དགོས་པ་དང་། དངོས་སྤྱོད་ལག་རྩལ་སྔར་བས་མང་བ་ཁོང་དུ་ཆུད་པ་བྱས་ནས། རྒྱལ་ཁབ་ལ་ཕན་ཐོགས་པ་དང་། རྒྱལ་ཁབ་ལ་དགོས་མཁོ་ཡོད་པའི་མི་སྣ་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་གནང་ཡོད།

ཕེ་ལེ་སློབ་གྲྭ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཀྲུང་གོའི་ཞིང་ལས་གོང་འཕེལ་ཚོགས་པའི་ཧྲན་ཏན་རྟ་གསོ་ར་བའི་ཚད་ཡོད་འགན་འཁྲི་ཀུང་སིར་ཕེབས་ནས། རྟ་གསོ་ར་བའི་ལོ་རྒྱུས་ཁང་དང་། རྟ་གསོ་ར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་སྒྱུར་བཅོས་གོང་འཕེལ་གྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཡོད་པ་རེད།

སྤྱི་ཟླ་བརྒྱད་པའི་ཧྲན་ཏན་རྟ་གསོ་ར་བར་རྩྭ་ཆུ་བཟང་ལ་རྟ་མཆོག་ཤ་ཤེད་རྒྱས་པའི་རྣམ་པ་ཞིག་མངོན་ཡོད། ཞི་ཅིན་ཕིང་རྩྭ་སའི་ཐོག་ཕེབས་ནས། རྩྭ་ར་དང་རྟ་ཁྱུ་གསོ་བའི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་བྱེད་པའི་གནས་ཚུལ་སྙན་ཞུ་གསན་གནང་ཡོད། ཞི་ཅིན་ཕིང་གིས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི། རྒྱལ་ཁབ་སྐྱེ་ཁམས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་། ཀན་སུའུ་དང་རྨ་ནུབ་དོག་ལམ་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་འཐབ་ཇུས་དོན་སྙིང་ལྡན་ཡོད། རང་རྒྱལ་དེ་ཉིད་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དུས་མཚམས་སུ་སླེབས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འདེགས་སྐྱོར་ནུས་པ་ཡང་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། གོང་འཕེལ་གསར་པའི་འདུ་ཤེས་ལག་བསྟར་བྱས་ཚེ། རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རིར་འགྱུར་ངེས་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་། རྒྱུན་མཐུད་ཐུབ་པའི་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་དགོས་ཤིང་། རྩ་ཆེ་བའི་རྩ་རའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱས་ནས། མདོ་ལ་རི་བོའི་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནམ་ཡང་གནས་ཐུབ་པ་དང་། རྩྭ་ཐང་ཐོག་འཚོ་གནས་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ལ་དུས་ནམ་ཡང་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན་གནང་ཡོད།

སྤྱི་ཚེས་༢༡ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཝུའུ་ཝེ་གྲོང་ཁྱེར་གུ་ལང་རྫོང་ཧོང་ཧྭ་ཐན་སྐྱེ་ཁམས་གནས་སྤོས་ཡུལ་མིའི་ཁུལ་དམངས་ཕྱུག་གྲོང་གསར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད། ས་གནས་དེ་གའི་གུ་ལང་ལྷོ་རྒྱུད་ཀྱི་རི་ཁུལ་དུ་མི་རྣམས་དབུལ་པོ་ལས་སྒྲོལ་དཀའ་བའི་དོན་དངོས་ལ་གཞིགས་ནས། གཡང་གཟར་རི་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཡུལ་གཞན་དུ་གནས་སྤོས་བྱས་ནས་དབུལ་གྲོལ་ཕྱུག་འགྱུར་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གཉིས་ཀར་ཕན་ཐོགས་པའི་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་པ་ཞིག་བཤངས་ཡོད། རི་ཁུལ་དུ་ཡོད་པའི་དབུལ་ཕོངས་མང་ཚོགས་ཁྲི་དྲུག་ལྷག་ཁང་པ་གསར་པའི་ནང་སྤོ་ཐུབ་པ་དང་། ནོར་ལུག་གསོ་ཚགས་དང་སྔོ་ཚལ་འདེབས་འཛུགས་བྱ་རྒྱུ་གོང་འཕེལ་བཏང་བ་བརྒྱུད་རིམ་བཞིན་དབུལ་ཕོངས་ལས་གྲོལ་ཐུབ་ཡོད། ཞི་ཅིན་ཕིང་གིས་གྲོང་མི་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བར་དགྱེས་ཚོར་ཆེན་པོ་གནང་ཡོད། གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་དམངས་བདེ་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་ལས་དོན་མི་སྣར་དམངས་ཕན་སྲིད་ཇུས་ཁག་ལག་བསྟར་བྱེད་པའི་གནས་ཚུལ་དང་གནས་སྤོས་རྗེས་ཀྱི་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་བྱ་ཐབས་སྐོར་བཀའ་འདྲི་གནང་ཡོད་པ་རེད།

དེ་རྗེས། ཁོང་གིས་ཞབས་ཐང་དུ་ཉེ་འཁོར་གྱི་དམངས་ཕྱུག་སློབ་ཆུང་དུ་ཕེབས་པ་དང་། དབྱར་གསེང་དགའ་ཕྱོགས་འཛིན་གྲྭའི་ནང་ཞུགས་པའི་སློབ་མ་ཚོས་གློག་རྡུལ་རོལ་ཆ་དཀྲོལ་གཏོང་བྱེད་བཞིན་ཡོད་པ་དང་། སློབ་མ་ཁག་ཅིག་ལུས་རྩལ་གྱི་སྦྱོར་བརྡར་བྱས་ནས་བསྡད་ཡོད། ཞི་ཅིན་ཕིང་རོལ་དབྱངས་འཛིན་གྲྭར་ཕེབས་ནས། སློབ་ཁྲིད་བྱེད་བཞིན་པའི་རོལ་དབྱངས་སློབ་ཚན་ལ་ནན་ཏན་ངང་གཟིགས་གནང་ཡོད་པ་རེད།

ལུས་རྩལ་ཐང་དུ། རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བྱེད་བཞིན་པའི་ཕྲུ་གུ་རྣམས་ཀྱིས་སྤོ་བོ་ཞི་ལགས་ཕེབས་པ་མཐོང་སྐབས་དགའ་ཚོར་ཆེན་པོས་ཁོང་གི་སྐུ་འགྲམ་དུ་སླེབས་ཡོད་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་། ཁོང་ཚོའི་དབྱར་ཁའི་གུང་གསེང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ཀུན་སྤྱོད་དང་ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བྱེད་དགོས་པའི་སྐུལ་མ་ཡང་གནང་ཡོད། སློབ་གྲྭ་ནས་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་རང་འགུལ་ངང་ཕྲུ་གུ་རྣམས་དང་ལྷན་དུ་དྲན་རྟེན་སྐུ་པར་མཉམ་ལེན་གནང་ཡོད་པས། ཕྲུ་གུ་རྣམས་དགའ་ཚོར་ཆེན་པོ་བྱུང་ཞིང་། གདོང་ལ་བདེ་སྐྱིད་ཀྱི་མེ་ཏོག་བཞད་ཡོད་པ་རེད།

དེ་ནས། ཞི་ཅིན་ཕིང་གྲོང་ཚོའི་ལམ་དུ་ཞབས་ཐང་དུ་ཕེབས་ནས་གྲོང་ཚོའི་རྣམ་པར་གཟིགས་སྐོར་གནང་ཡོད། དཀར་ཆ་དོད་པའི་ཁང་པ་དང་། རྒྱ་ཆེ་བའི་ལམ་བུ། གྲལ་འགྲིག་པའི་སྒོ་ར། དེ་དག་ལས་སྐྱིད་སྣང་དོད་པའི་འཚོ་བ་ཞིག་ཚོར་ཐུབ། གྲོང་མི་ལི་ཡིང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་གདན་འདྲེན་ཞུས་ཡོད། ཞི་ཅིན་ཕིང་སྒོ་རའི་ནང་ཕེབས་སྐབས། ཁང་པའི་ཕྱི་ནང་ཀུན་ལ་གཟིགས་སྐོར་མཛད་པ་དང་། སྡོད་ཁང་ལེགས་བཅོས་དང་འཐུང་ཆུ་སྒྱུར་བཅོས་དང་གསང་སྤྱོད་སྒྱུར་བཅོས་སྐོར་མཁྱེན་རྟོགས་མཛད་ཡོད། ཞི་ཅིན་ཕིང་གིས་ལི་ཡིང་ཁྲོན་གྱི་ཁྱིམ་མི་དང་འཚོ་བའི་སྐོར་བཀའ་མོལ་གནང་བ་དང་། ཁྱིམ་ཚང་གི་ལས་ཞུགས་དང་། ཡོང་འབབ། ནད་བལྟ་བ། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འགན་བཅོལ། ཕྲུ་གྲུ་སློབ་གྲྭར་སྐྱོད་པ་སོགས་ཀྱི་ཐད་དཀའ་ངལ་གང་དག་ཡོད་མེད་བཀའ་འདྲི་གནང་སྐབས། ལི་ཡིང་ཁྲོན་གྱིས་སྤྲོ་སེམས་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར། ཚ་བོ་ཚ་མོ་ཁྱིམ་ཉེ་འགྲམ་གྱི་སློབ་གྲྭར་འགྲོ་ཀྱི་ཡོད། ང་ཚོའི་ཁྱིམ་ཚང་གིས་ད་དུང་གྲོང་ཚོར་ཉི་འོད་ལྡན་པའི་དྲོད་ཁང་ཞིག་དང་གསོ་ཚགས་དྲོད་ཁང་བཞི་རྒྱག་རྒྱུ་ཐོ་འགོད་བྱས་ཡོད་པས། འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་སྙན་གསེང་ཞུས་ཡོད།

ཞི་ཅིན་ཕིང་གིས། ཏང་གི་ལས་དོན་ཐ་དག་ནི་མང་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་། མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐབས་བྱ་རྒྱུ་ནི་ཏང་གི་བྱ་གཞག་ཡིན། དབུལ་ཕོངས་ཡུལ་མི་ཚོ་དབུལ་སྒྲོལ་ཡོང་ཐབས་བྱ་རྒྱུ་ནི་གོམ་སྟབས་དང་པོ་ཡིན་པ་དང་། ཕྱིས་འབྱུང་མུ་མཐུད་ནས་ཡུལ་མི་རྣམས་དབུལ་སྒྲོལ་བརྟན་པོ་ཡོང་རྒྱུ་འགན་ལེན་བྱ་རྒྱུ་དང་། དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་དཔུང་ཁག་དུས་མཚམས་ཤིག་རིང་མུ་མཐུད་ནས་འཇོག་རྒྱུ་རེད། ཐོན་ལས་འཕེལ་རྒྱས་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་ནས་ཐབས་ཤེས་བསམ་བློ་གཏོང་བ་དང་། ཐབས་ལམ་འཚོལ་ཐབས་བྱས་ཏེ། གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་རྣམས་གནས་སྡོད་ཐུབ་པ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་ཡོད་པ་བཅས་བྱས་ཏེ། འཚོ་བ་དེ་བས་ཇེ་ལེགས་སུ་འགྲོ་ཐབས་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་ཞུགས་ནས་པ་པུའུ་ཧྲ་ནགས་རར་ཕེབས་ཡོད། ནགས་ར་དེ་ནི་རྨ་ནུབ་དོག་ལམ་ཤར་ངོས་དང་། ཐེང་གྷེ་ལི་བྱེ་ཐང་ལྷོ་ཕྱོགས་སུ་གནས་ཡོད་ཅིང་། དུས་རབས་གོང་མའི་ལོ་རབས་༨༠པའི་ལོ་འགོར། ས་ཆ་དེ་ནི་རྩྭ་མེད་སྐྱ་ཐེར་དུ་གནས་པ་དང་། བྱེ་རླུང་འུར་འུར་དུ་ལྡང་ཞིང་། གྲོང་ཚོ་དང་ས་ཞིང་བྱེ་ས་ཅན་དུ་འགྱུར་བཞིན་ཡོད། ནགས་གསོ་བྱེད་མཁན་མི་རབས་མང་པོས་བྱེ་ཐང་དུ་གཞིས་ཚུགས་པ་དང་། བྱེ་ཐང་བཅོས་སྐྱོང་བྱས་ཏེ་ནགས་ར་གསོ་སྤེལ་བྱས་པར། བྱེ་མས་མི་འཚོ་ཐབས་མེད་པ་ནས་མིས་བྱེ་མ་བཅོས་སྐྱོང་བྱས་པའི་བར་འགྱུར་བ་བྱུང་བ་དང་། སྔོན་མ་བྱེ་སེར་གང་སར་གཡོ་བ་ནས་ད་ལྟ་སྔོ་ལྗང་ལྗོན་ཤིང་ལ་གྱུར་ཡོད། ཞི་ཅིན་ཕིང་གིས་རྒྱང་རིང་ལ་གཟིགས་ཤིང་། ནགས་རའི་རྣམ་པ་སྤྱི་ལ་གཟིགས་ཞིབ་མཛད་པ་དང་། ཝུའུ་ཝེ་གྲོང་ཁྱེར་བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་གནས་ཚུལ་སྙན་གསེང་དང་པ་པུའུ་ཧྲ་ནགས་རའི་བགྲེས་སོང་དྲུག་གི་མི་རབས་གསུམ་གྱི་བྱེ་བཅོས་ནགས་གསོའི་མི་སེམས་འགུལ་བའི་བྱས་རྗེས་གསན་ཡོད། ནགས་རའི་ལས་བཟོ་བ་ཁ་ཤས་ཀྱིས་༼རྩྭ་གྲུ་བཞིའི་བྱེ་འགོག་༽ལས་དོན་སྒྲུབ་བཞིན་པ་གཟིགས་སྐབས། ཞི་ཅིན་ཕིང་གིས་དེར་ཕེབས་ནས། ཁོང་ཚོའི་ལས་ཀ་བྱེད་ཐབས་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོ་དང་མཉམ་དུ་བྱེ་ས་དྲུས་གནང་ཡོད། ཞི་ཅིན་ཕིང་གིས་ཁོང་རྣམས་ལ། པ་པུའུ་ཧྲ་ནགས་རའི་བགྲེས་སོང་དྲུག་གི་དཔའ་བོའི་མཛད་རྗེས་སྔ་ས་ནས་ས་ཁྱབ་རྡོ་ཁྱབ་ཆགས་ཡོད། དུས་རབས་གསར་པར་བགྲེས་སོང་དྲུག་ལྟ་བུའི་དེང་རབས་ཀྱི་ཡུས་ཀུང་དང་། དུས་རབས་ཀྱི་དཔེ་བཟང་དགོས་ཀྱི་ཡོད། བགྲེས་སོང་དྲུག་གིས་དཀའ་ངལ་མདུན་དུ་མགོ་བོ་མི་སྒུར་བ་དང་། བྱེ་ཐང་དེ་ཉིད་སྔོ་ལྗང་ནགས་རར་སྒྱུར་ནུས་པའི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་ནས། མི་རྣམས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་དང་། མུ་མཐུད་འབད་བརྩོན་བྱས་ཏེ། དུས་ཡུན་རིང་པོའི་ནང་བྱས་རྗེས་འཇོག་པ་བརྒྱུད། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱ་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། བྱ་གཞག་གང་ཞིག་བསྒྲུབ་དགོས་རུང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཁ་བྲལ་ཐབས་མེད། དང་ཐོག་གུང་ཁྲན་ཏང་ཡོན་གྱིས་ཡར་ལངས་པ་དང་། མདུན་དུ་མཆོངས་ཕོད་ན། མང་ཚོགས་རྣམས་སྐུལ་སློང་ཐུབ་པ་དང་། གཅིག་སྡུད་ཐུབ་པ། སྒྲིག་འཛུགས་ཐུབ་པ་བཅས་ཀྱི་ཐོག་ནས། བྱ་གཞག་ཆེན་པོ་བསྒྲུབ་ཐུབ་པར་ཐེ་ཚོམ་གང་ཡང་མེད་ཅེས་གསུངས་ཡོད།

སྤྱི་ཚེས་༢༡ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ལན་ཀྲའུ་རུ་ཕེབས་ནས། རྨ་ཆུའི་བཅོས་སྐྱོང་གི་ལན་ཀྲའུ་ལྕགས་ལམ་གཤེར་འཐེན་ས་ཚིགས་ཀྱི་རྣམ་གྲངས་ལ་གཟིགས་པ་དང་། ཀན་སུའུ་ཞིང་ཆེན་དང་ལན་ཀྲའུ་གྲོང་ཁྱེར་གྱིས་རྨ་ཆུའི་བཅོས་སྐྱོང་དང་སྲུང་སྐྱོང་ཇི་ལྟར་བྱས་ཚུལ་སྐོར་སྙན་གསེང་ཞུས་པ་གསན་ཡོད། ཞི་ཅིན་ཕིང་གིས་ལྗོངས་གཟིགས་སྟེགས་བུའི་ཐོག་ཕེབས་ནས། ཆུ་རགས་ཀྱི་ཆུ་ལོག་འགོག་པའི་ར་བའི་ལས་གྲྭར་གཟིགས་པ་དང་། རྐང་ལམ་བརྒྱུད་ནས་རྨ་ཆུའི་ངོགས་གཉིས་ཀྱི་སྐྱེ་ཁམས་བསྐྱར་གསོ་དང་མཛེས་ལྗོངས་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། རྨ་ཆུ་དང་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པ་དང་། མ་ཡུམ་ཆུ་བོར་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ལོ་ངོ་སྟོང་གི་ཇུས་ཆེན་དང་འབྲེལ་བ་ཡོད། ཀན་སུའུ་ནི་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་ཁུངས་གསོ་སྤེལ་དང་བསྐྱར་གསོ་བྱ་ཡུལ་ཡིན་པས། དང་ཐོག་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བསྐྱར་གསོ་དང་། ས་རྒྱུ་རྒྱུན་འཁྱོངས། སྦགས་གཙོག་འགོག་བཅོས་བཅས་བྱེད་པའི་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་ཡོད། ལན་ཀྲའུ་ཡིས་རྨ་ཆུའི་ཆུའི་སྤུས་ཚད་ཐད་སྔོན་ལ་འབད་བརྩོན་བྱས་ཏེ། སྣེ་ཡག་པོ་ཞིག་ཁྲིད་དགོས་ཞེས་གསུངས་ཡོད།

སྤྲོ་གསེང་ལ་རོལ་བཞིན་པའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་ཕྲལ། ཚང་མས་སྐུ་འགྲམ་དུ་བཅར་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོ་དང་མཛའ་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། གྲོང་ཁྱེར་ནི་མི་དམངས་ཀྱི་ཡིན་པ་དང་། གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་མི་དམངས་གཙོ་བོར་འཛིན་པའི་གོང་འཕེལ་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པ་བྱ་དགོས། མང་ཚོགས་ཀྱི་བསྔགས་བརྗོད་ནི་གསེར་དངུལ་གྱི་གཟེངས་རྟགས་ལས་ལྷག་པ་དང་། མང་ཚོགས་ནས་ཡག་པོ་འདུག་ཅེས་བཤད་ན་དེ་དོན་ངོ་མའི་ཡག་པོ་རེད་ཅེས་གསུངས་ཡོད།

དེ་རྗེས། ཞི་ཅིན་ཕིང་ཀློག་པ་པོའི་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་ཡོད། ཀློག་པ་པོའི་དུས་དེབ་ཀྱི་རྩོམ་སྒྲིག་པུའུ་རུ། ཞི་ཅིན་ཕིང་གིས་ལས་དོན་མི་སྣ་དང་སྤེལ་རེས་གནང་བ་དང་། མ་རྩོམ་འདེམས་སྒྲུག་དང་། རྩོམ་སྒྲིག ཞུ་དག པར་སྒྲིག་སོགས་ཀྱི་ལས་ཀའི་རྒྱུད་རིམ་དང་འགྲེམ་སྤེལ་གནས་ཚུལ་བཀའ་འདྲི་གནང་ཡོད་པ་རེད། གསར་སྤེལ་འདུ་ཤེས་ལྟེ་གནས་སུ། ཞི་ཅིན་ཕིང་གིས་ཀུང་སིས་ཁྲོམ་རའི་གནས་བབ་ལ་བསྟུན་རྒྱུ་དང་། རང་འགུལ་ངང་ལེགས་གྱུར་རིམ་སྤར་ཡོང་བ་བྱེད་པའི་བྱེད་སྟངས་ཐད་ཤེས་རྟོགས་ཞིབ་ཕྲ་གནང་ཡོད། ཞི་ཅིན་ཕིང་གིས། དཔེ་ཀློག་མང་ཙམ་བྱས་ཏེ། དཔེ་ཀློག་སྤྱི་ཚོགས་བསྐྲུན་དགོས་པ་དང་། མི་དམངས་ཀྱི་བསམ་བློའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་དེ་བས་ཕུན་སུམ་ཚོགས་པ་དང་གཏིང་ཟབ་པ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། མི་དམངས་ལ་དེ་བས་ཕུལ་དུ་བྱུང་བའི་བསམ་པའི་རིག་གནས་ཀྱི་ཐོན་རྫས་མང་ཙམ་མཁོ་འདོན་བྱ་རྒྱུ་ནི་ལས་ཀ་ཡག་ཤོས་དེ་ཡིན། ཡང་དག་པའི་ཁྲིད་ཕྱོགས་དམ་འཛིན་བྱས་ནས། ལས་ཀ་གཙོ་བོ་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་ལས་གཉེར་སྣ་མང་ཅན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་ཡོང་བའི་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

སྤྱི་ཚེས་22ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་གསན་ཡོད་པ་དང་། ཀན་སུའུ་ཡི་ལས་དོན་ཁག་ལ་གྲུབ་འབྲས་ཐོབ་པར་གདེང་འཇོག་གང་ལེགས་གནང་ཞིང་། ཀན་སུའུ་ཡི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཏན་ཏན་ཏིག་ཏིག་ངང་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དབུལ་གྲོལ་འགག་སྒྲོལ་གཏིང་ཟབ་སྤེལ་བ་དང་། འབེན་ལ་འཁེལ་བ་བྱེད་པ། ལྟེ་གནས་མི་ཞིག་པ། ཚད་གཞི་མི་འགྱུར་བ་བཅས་རྒྱུན་འཁྱོངས་བྱེད་དགོས་ཞིང་། ཡོངས་ཁྱབ་ངང་སེམས་ཁྲལ་མེད་པ་གཉིས་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག གཙོ་གནད་དེ་འགན་ལེན་གསུམ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐོག་འཇོག་པ་དང་། དབུལ་གྲོལ་འགག་གཏོར་གྱི་གཙོ་གནད་དེ་ཆེས་དབུལ་ཕོངས་ས་ཁུལ་དུ་གཅིག་བསྡུས་བྱ་དགོས་པ་དང་། ཁུལ་གཉིས་དང་རྫོང་གཅིག་དང་ཞིང་ཆེན་18ཀྱི་ཆེས་དབུལ་ཕོངས་རྫོང་གཙོ་གནད་དུ་བྱས་ཏེ། གྲོང་ཚོ་རེ་རེ་དང་དུད་ཁྱིམ་རེ་རེ། མི་རེ་རེ། རྣམ་གྲངས་རེ་རེ་བྱས་ནས་གནད་དོན་ཐག་གཅོད་བྱས་ཏེ། མཐའ་མའི་དབུལ་ཕོངས་ཀྱི་མཁར་རྫོང་ལྟ་བུ་དེ་གཏོར་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་ཞན་ཆ་ཁ་གསབ་བྱ་རྒྱུར་གཅིག་བསྡུས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་ནུས་པ་ཆ་ཚང་བ། འདེགས་སྐྱོར་ནུས་ལྡན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་གང་མགྱོགས་འཛུགས་དགོས་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་བྱ་རྒྱུ་མགྱོགས་སུ་གཏོང་བ། གསར་དར་ཐོན་ལས་གསོ་སྤེལ་བྱེད་པ། བསྒྱུར་བཅོས་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེའི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། ཟུར་སྣོན་རིན་ཐང་མཐོ་བའི་ཁྱད་ལྡན་ཞིང་ལས་གོང་འཕེལ་ཧུར་ཐག་གཏོང་བ། ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། གསར་སྤེལ་དང་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། སྐྱེ་ཁམས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ར་བསྐྲུན་དགོས། རྨ་ཆུ་བཅོས་སྐྱོང་བྱ་རྒྱུའི་གཙོ་གནད་དེ་སྲུང་སྐྱོབ་བྱ་རྒྱུ་དང་བཅོས་སྐྱོང་བྱ་རྒྱུ་དེ་གནད་འགག་ཡིན། རི་ཆུ་ནགས་ཞིང་དང་མཚེའུ་དང་རྩྭ་ཐང་བཅས་ཚང་མ་ཕྱོགས་བསྡུས་བཅོས་སྐྱོང་དང་། ཆ་ལག་ཚང་བའི་བཅོས་སྐྱོང་། འབྱུང་རྩྭ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་དོན་ཁག་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། མཐུན་སྦྱོར་རམ་འདེགས་ལ་ཤུགས་སྣོན་རྒྱག་པ། སྲུང་སྐྱོབ་ཆེན་མོར་ཐུན་མོང་ཐོག་དམ་འཛིན་བྱེད་པ། བཅོས་སྐྱོང་ཆེན་མོར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྨ་ཆུའི་རྒྱུག་ཁོངས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། རྨ་ཆུ་དེ་ཉིད་མི་དམངས་ལ་ཕན་པ་བསྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས་པ་དང་། སྤྱི་པའི་ཞབས་ཞུའི་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱིས་ལན་ཆ་ཆེན་པོ་བྱེད་པའི་སློབ་གྲྭར་ཞུགས་དཀའ་བ་དང་། ནད་གཞི་བལྟ་དཀའ་བ། འགྲོ་སྐྱོད་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགལ་ཟླ་དང་རྩོད་རྙོག་རིམ་བཤེར་དང་སེལ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀན་སུའུ་ནི་གསར་བརྗེའི་ས་གཞི་ཞིག་ཡིན་ཞིང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་འཕེལ་རིམ་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་ཡོད། ཀན་སུའུ་ཡིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་བཏང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ནན་ཏན་བྱས་ཐོག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་ངང་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་འདིར་དམ་འཛིན་བྱ་རྒྱུ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཡག་པོ་ཐུབ་པ་བཅས་ཀྱི་ཐད་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཡག་པོ་འཚོགས་ནས། རང་སྐྱོན་རང་བརྟག་བྱེད་ཕོད་པ་དང་། མི་འདང་བའི་ས་དང་ཞན་ཆ་འདོན་ཕོད་པ། ལམ་སེང་ཞིབ་བཤེར་དང་ལམ་སེང་སྒྱུར་བཅོས་བྱེད་པ། ཤེས་མ་ཐག་ལེགས་བཅོས་བྱེད་པ་བཅས་བྱེད་དགོས། འགོ་ཁྲིད་མཉམ་སྡེབ་འཛུགས་སྐྱོང་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱུན་བསྲིངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱབ་སྟེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མགོན་པོ་གཡུལ་རྒྱལ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། དབང་འདུས། བསྟན་འཛིན་འཇམ་དཔལ་སོགས།