ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་།
སྤེལ་བའི་དུས་ཚོད། : 2019-08-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་སེམས་ནུས་གཅིག་སྒྲིལ་གྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་༧པའི་ཚེས་༣༠ཉིན་གྱི་ཕྱི་དྲོ། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་དམག་དོན་སྲིད་ཇུས་ལམ་ལུགས་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ནི་རང་དམག་གི་ལམ་ལུགས་རང་བཞིན་གྱི་བསྐྱར་སྒྲིག་ཅིག་ཡིན་པས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་ལ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་འབྲེལ་བ་ཡོད། འགན་འཁུར་གྱི་བསམ་པ་ཤུགས་ཆེར་གཏོང་བ་དང་། མ་ལག་རུབ་བསྡུས་ཤུགས་ཆེར་གཏོང་བ། གསར་སྐྲུན་འགག་གཏོར་ཤུགས་ཆེར་གཏོང་བ། དམག་དཔུང་དང་ས་གནས་ཀྱི་མཉམ་ཤུགས་འདོན་ཚད་ཤུགས་ཆེར་གཏོང་བ། བསམ་བློ་དང་བྱ་སྤྱོད་མུ་མཐུད་གཅིག་གྱུར་ཡོང་བ། སེམས་ནུས་གཅིག་སྒྲིལ་གྱིས་དམག་དཔུང་སྟོབས་ཆེའི་སྒྱུར་བཅོས་འཐབ་ཇུས་ལག་བསྟར་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ནི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ནུབ་ཏུ་སྤེལ་བ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་སྟེ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག དམག་གྲབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་བཀྲི་ཤིས་བད་ལེགས་ཞུས་གནང་ཡོད། དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་བློ་མཐུན་ཐན་ཡ་ཏུང་གིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཐད་གསལ་འགྲེལ་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁོངས་སུ་བཅུག་སྟེ། དམག་དཔུང་འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་གཞི་སྔོན་ལ་སྒྱུར་བཅོས་དང་། དམག་དཔུང་གི་གཞི་ཁྱོན་གྲུབ་ཚུལ་དང་སྟོབས་ཤུགས་སྒྲིག་བཀོད་བསྒྱུར་བཅོས་ལ་སྐུལ་འདེད་བཏང་བས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་འགོག་རྐྱེན་བཟོ་བའི་ལམ་ལུགས་རང་བཞིན་གྱི་འགོག་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་ནུས་ལྡན་ཐུབ་པ་དང་། རང་དམག་གི་རྩ་འཛུགས་སྒྲོམ་གཞིར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། སྟོབས་ཤུགས་མ་ལག་གསར་བརྗེའི་རང་བཞིན་གྱི་བསྐྱར་སྒྲིག་བྱས་ཡོད། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་དེ་གཙོ་བོ་དུས་རབས་གསར་པ་དང་། ལས་འགན་གསར་པ། སྒྲིག་གཞི་གསར་པ་དང་འཚམ་པོ་མེད་པའི་སྲིད་ཇུས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐོག་བཞག་པས་གོམ་སྟབས་དེ་ཡག་པོ་དང་ཏན་ཏིག་ངང་བསྐྱོད་དགོས་པ་དང་སྒྲུབ་མཁས་པོ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལས་དོན་གྲོས་ཚོགས་འཚོགས་ཚུན། དམག་དཔུང་རིམ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་དེར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་གཞོགས་འདེགས་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དམག་དཔུང་གི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སྒྱུར་བཅོས་དམིགས་འབེན་ལ་དོ་ཁུར་དང་། གོ་སྐབས་དམ་འཛིན། ཆོད་སེམས་བརྟན་དུ་གཏོང་བ། བརྟན་ཤུགས་རྒྱུན་འཁྱོངས་བཅས་བྱས་ཏེ། དཀའ་ངལ་ལ་མི་འཛེམས་པར་མདུན་སྐྱོད་བྱས་ཡོད། བསམ་བློ་གཅིག་གྱུར་བྱེད་པའི་ལས་དོན་དམ་པོར་བཟུང་བ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དྲིལ་བསྒྲགས་སློབ་གསོ་ཡག་པོ་གཉེར་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཚང་མས་བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོ་ནས་སྒྱུར་བཅོས་ལ་བརྩི་སྲུང་དང་། སྒྱུར་བཅོས་ལ་རྒྱབ་སྐྱོར། སྒྱུར་བཅོས་ནང་ཧུར་ཐག་ཞུགས་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཚད་གཞི་ཆེ་ཤོས་ཐོག་ནས་སྒྱུར་བཅོས་ཀྱི་དྲང་ནུས་གཅིག་སྡུད་ཡོང་བ་བྱེད་དགོས་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་དམིགས་བསལ་དང་རྙོག་འཛིང་རང་བཞིན་ཁོང་དུ་ཆུད་པ་དང་། མ་ལག་གཅིག་སྡུད་དེ་གཞི་རྩའི་འདུ་ཤེས་དང་རྩ་དོན་ལ་བརྩིས་ཏེ་བརྟན་པོ་དང་གཏན་འཁེལ་ཡོང་བ་བྱེད་དགོས། མཐོ་རིམ་ཇུས་འགོད་དང་རིམ་དབྱེའི་སྦྲེལ་མཐུད་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། སྒྱུར་བཅོས་ལས་དོན་མཐའ་དག་དམག་དོན་སྲིད་ཇུས་ལམ་ལུགས་དང་མ་ལག་གི་སྒྲོམ་གཞིའི་འོག་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གཡས་གཡོན་རྒྱབ་མདུན་ཚང་མ་སྦྲེལ་མཐུད་ཡག་པོ་བྱེད་པ་བཅས་བྱས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་མཉམ་འགུལ་ཐུབ་པ་དང་ནུས་པ་དངོས་སུ་ཐོན་རྒྱུར་འགན་ལེན་བྱེད་དགོས། གཙོ་ཕལ་གྱི་འབྲེལ་བ་ཁོང་དུ་ཆུད་པ་དང་། གལ་ཆེ་ཆུང་དང་དལ་བྲེལ་དབྱེ་བ་ཡོད་པ། དམག་གྲབས་དམག་རྒྱག་གི་གནས་བབ་ཧྲིལ་པོ་དང་། མ་ལག་འཁོར་སྐྱོད་ཀྱི་ལྷུ་ཚིགས། དཔོན་དམག་ཀྱི་ཐོབ་ཚོར་མཐོ་རུ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་པའི་སྒྱུར་བཅོས་མངོན་གསལ་དོད་པའི་གནས་སུ་བཞག་ནས་སྔོན་ལ་དམ་འཛིན་དང་དོན་འཁྱོལ་ཡག་པོ་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་བྱེད་པའི་གནས་བབ་ཧྲིལ་པོ་ཁོང་དུ་ཆུད་པ་དང་། སྒྲིག་གཞིའི་རང་བཞིན་གྱི་འགོག་རྐྱེན་དང་། གྲུབ་ཆའི་རང་བཞིན་གྱི་འགལ་ཟླ། སྲིད་ཇུས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་དམག་འཐབ་གསུམ་པོ་སྦྲེལ་མཐུད་ཡག་པོ་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་སྤེལ་ཟླར་འགྱུར་རྒྱུར་འགན་ལེན་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ད་རེས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་ཤུགས་ཚད་ཆེ་བ་དང་། གསར་གཏོད་རང་བཞིན་ཆེན་པོ་ཡོད་པས། བསམ་བློར་བཅིངས་འགྲོལ་གཏོང་བ་དང་། དུས་བབས་དང་མི་མཐུན་པའི་བསམ་བློ་དང་བྱ་སྤྱོད་ཀྱི་འགོག་རྐྱེན་ཚང་མ་མཐའ་གཅིག་ཏུ་སེལ་བ། སྲིད་ཇུས་གསར་པ་འཚོལ་བ་དང་ཐབས་ཤེས་གསར་པ་འདོན་པ། ལམ་བུ་གསར་པའི་ཐོག་སྐྱོད་པ་བཅས་བྱེད་དགོས། ཞིབ་འཇུག་དང་རིག་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པ་དང་། གལ་ཆེའི་གནད་དོན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། གནད་དོན་བརྟག་དཔྱད་གསལ་པོ་བྱེད་པ་དང་། གནད་འགག་འཚོལ་རྒྱུ་གནད་ལ་འཕིགས་པ། སྲིད་ཇུས་དོན་དངོས་བཟོ་བ་བཅས་བྱས་ནས། སྒྱུར་བཅོས་གནད་ལ་འཕིགས་པ་དང་སྤུས་ཚད་མཐོ་པོ་ཡོང་རྒྱུར་འགན་ལེན་བྱེད་དགོས། ལག་ལེན་ཁྲོད་ནས་ཡོང་བ་དང་། ལག་ལེན་ཁྲོད་དུ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལག་ལེན་ཐོག་ནས་ཕན་འབྲས་ལྡན་པ་ར་སྤྲོད་ཐུབ་པའི་ཉམས་མྱོང་གསར་པ་དང་གསར་གཏོད་གསར་པ་དུས་ཐོག་ཏུ་ཕྱོགས་བསྡོམས་དང་བསྡུ་ལེན་བྱེད་པ་དང་། སྲིད་ཇུས་དང་ལམ་ལུགས་ཐོག་ནས་དེ་བརྟན་པོ་བཟོ་དགོས། སྒྱུར་བཅོས་ཀྱི་དཔྱད་དཔོག་ལས་དོན་ཡག་པོ་སྒྲུབ་པ་དང་། སྒྱུར་བཅོས་བྱ་ཐབས་ཀྱི་དཔྱད་དཔོག་དང་སྒྱུར་བཅོས་ཉེན་ཁའི་དཔྱད་དཔོག སྒྱུར་བཅོས་ཕན་འབྲས་དཔྱད་དཔོག་བཅས་ལ་ཤུགས་སྣོན་རྒྱབ་ནས། སྲིད་ཇུས་ལམ་ལུགས་ཁག་དོན་དངོས་དང་མཐུན་པ་དང་ལག་བསྟར་ཡུན་རིང་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་དང་།

ཞི་ཅིན་ཕིང་གིས། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ནི་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་ཐུན་མོང་གི་འགན་འཁྲི་ཡིན་པས། གནས་བབས་ཧྲིལ་པོའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་པོ་དང་དོན་དངོས་བཟོ་བ་བཅས་བྱས་ཏེ། གནས་བབས་ཧྲིལ་པོ་ཆགས་པ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྔར་རྒྱུན་བཞིན་དམག་དོན་སྲིད་ཇུས་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་ནང་ཁུལ་གྱི་འགན་འཁྲིར་བརྩིས་ནས། འཁུར་དགོས་ངེས་ཀྱི་འགན་འཁྲི་འཁུར་ཐུབ་པ་དང་། སྒྲུབ་དགོས་ངེས་ཀྱི་བྱ་བ་སྒྲུབ་ཐུབ་པ་བྱེད་དགོས། དམག་དཔུང་གིས་རང་འགུལ་ངང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱེད་པ་དང་། ལས་ཀའི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་བྱེད་པ། གནད་ལ་འཕིགས་པའི་ངང་ལས་འགན་དང་དགོས་འཁོ་འདོན་པ་བཅས་བྱས་ཏེ། འཕྱར་བ་གྲུ་འདེགས་ངང་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། དབང་འདུས།