ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་འཁྲིད་མི་སྣའི་སྟངས་དཔྱལ་དང་སྐུ་མགྲོན་ཚོར་དགའ་བསུ་ཞུས་གནང་བ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྤྱི་ཚེས་14ཉིན་གྱི་དགོངས་མོ་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་གཤམས་ནས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་འཁྲིད་པ་སྟངས་དཔྱལ་དང་སྐུ་མགྲོན་ཚོར་དགའ་བསུ་ཞུས་གནང་བ་དང་། ཝང་ཧུའུ་ཉིང་ལྷན་དུ་ཕེབས་ཡོད་པ་རེད།

དབྱར་ཟླ་ར་བའི་པེ་ཅིན་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པ་དང་། མཚན་མོའི་མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་རྣམ་པར་བཀྲ་བ། དགའ་སྤྲོ་མཁོལ་བའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་ཚོ་དང་ལྷན་དུ་གསེར་མདོག་ཚོམས་ཆེན་དུ་ཕེབས་ཡོད་པ་རེད།

ཞི་ཅིན་ཕིང་གིས་གཤིས་ཚིགས་གསུང་སྐབས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་འཚབ་ཞུས་ནས་ཀྲུང་གོར་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་ལ་ཞུགས་པར་ཕེབས་པའི་སྐུ་མགྲོན་ཁག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་བ་དེ་ནི་ཨེ་ཤ་ཡའི་མཉམ་ལས་གོང་འཕེལ་གྱི་འཕེལ་ཕྱོགས་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རེ་སྒུག་བྱེད་པ། ཤེས་དཔལ་མི་འདྲ་བ་ཐུན་མོང་གོང་འཕེལ་གཏོང་རྒྱུར་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྟེགས་བུ་ཞིག་སྐྲུན་ཆེད་ཡིན་ཞེས་ནན་བཤད་གནང་བཞག

ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་གོང་འཕེལ་དང་སྤྱི་ཚོགས་དར་རྒྱས། མིའི་རིགས་ཡར་རྒྱས་བཅས་ཚང་མ་ཤེས་དཔལ་གྱི་འཚོ་བཅུད་དང་འཁྲིད་སྟོན་དང་ཁ་བྲལ་ཐབས་མེད། ཨེ་ཤ་ཡ་ནི་མིའི་རིགས་ཤེས་དཔལ་གྱི་གལ་ཆེའི་འབྱུང་གནས་ཞིག་ཡིན་པས་ཡུན་རིང་ལོ་རྒྱུས་ཀྱི་ཆབས་རྒྱུན་རིང་མོའི་ཁྲོད་ཨེ་ཤ་ཡའི་སྣེ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་འོད་མདངས་ཕན་ཚུན་འཕྲོ་བ་དང་མིའི་རིགས་ལ་ཆེད་རྒྱང་རིང་གི་ཤེས་དཔལ་དྲན་འཆར་དང་ཟིལ་རླབས་དགུང་འཕྱུར་གྱི་ཤེས་དཔལ་བསྟར་བསྒྲིགས་རི་མོ་ཞིག་ཉར་ཚགས་བྱས་ཡོད། ད་ལོ་ཨེ་ཤ་ཡའི་ཤེས་དཔལ་མི་འདྲ་བ་དག་སྒོ་དབྱེའི་ཁྲོད་སྤེལ་རེས་དང་ཁོག་ཡངས་ཁྲོད་ཕན་ཚུན་འཚོ་གནས། གསར་གཏོད་ཁྲོད་གོང་འཕེལ་བྱུང་ནས་ཨེ་ཤ་ཡའི་ཤེས་དཔལ་མེ་ཏོག་འཛམ་གླིང་གི་སྟེགས་བུའི་ཐོག་རྣམ་པར་བཞད་ཡོད་ཅེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་ཡི་ཤེས་དཔལ་ནི་ལོ་ངོ་ལྔ་སྟོང་གི་རྒྱུན་མི་ཆད་པའི་ལོ་རྒྱུས་ཀྱི་རྒྱུད་འཛིན་ཁྲོད་མ་ལུས་ཀུན་འདུས་དང་གསར་གཏོད་དར་སྤེལ་བྱུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་ཚུན་ཀྲུང་གོས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པ་དང་། ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་བས་མིའི་རིགས་ཤེས་དཔལ་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པའི་ནན་བཤད་གནང་བཞག

ཞི་ཅིན་ཕིང་གིས་སྤྱི་ཚེས་15ཉིན་ང་ཚོས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་ནས་མཉམ་དུ་སྣེ་མང་རིག་གནས་ཀྱི་ཉམས་སྣང་ལ་མྱོང་རོལ་དང་མཉམ་དུ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན། ང་ཚོས་ད་རེས་ཀྱི་ཚོགས་ཆེན་དེ་འགོ་འཛུགས་སར་བྱས་ནས། བློ་གཅིག་སེམས་གཅིག་དང་ལག་གདང་སྦྲེལ་ནས་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ཏེ་རྒྱལ་ཁབ་ཁག་གི་ཤེས་དཔལ་དེ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་འོད་སྟོང་འཕྲོ་བ་བྱེད་དགོས་ཞེས་གསུངས་བཞག

གསོལ་སྟོན་དགའ་སྤྲོ་འཁོལ་བའི་འཁོར་ཡུག་ཁྲོད་སྤེལ་ཡོད་པ་དང་། སྐུ་མགྲོན་ཕྱོགས་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་ཐུན་མོང་ཐོག་ཤེས་དཔལ་སྤེལ་རེས་གནང་བ། མཐུན་མོང་ཐོག་འཛམ་གླིང་ཞི་བདེ་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་གནང་བཞག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྒྲོལ་དཀར།