ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་ཐུག་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༤ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་ཐུག་འཕྲད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་མཐུན་ཐོག་ནས་འཛམ་གླིང་ཡོངས་ལ་རྒྱལ་ཁབ་བར་དང་མི་དམངས་བར་གྱི་མཛའ་མཐུན་དངོས་མངོན་པར་བྱས་པ་དང་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པའི་ལོ་ངོ་སྟོང་ཕྲག་མང་པོར་བསྟོད་གླུ་འབུལ་བའི་གཏམ་བཟང་ལ་གྱུར་རྒྱུ་རེད། ཀྲུང་གོའི་ཕྱོགས་ནས་ཁམ་ཕུ་ཀྲེ་རྒྱལ་པོ་ཚང་གི་དམིགས་བསལ་མཛའ་མཐུན་ལ་གཅེས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་འགོ་ཁྲིད་མི་རབས་ཁ་ཤས་ཀྱིས་རྒྱལ་པོའི་ཡབ་ཞི་ཧ་ནུ་ཁེ་དང་མཛའ་མཐུན་ཟབ་མོ་བཙུགས་ཡོད་ཅིང་ང་ཚོས་དེ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་སྔར་མཐུན་བཞིན་ཁམ་ཕུ་ཀྲེས་རང་ངོས་རྒྱལ་ཚུལ་དང་མཐུན་པའི་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་ཁམ་ཕུ་ཀྲེ་དང་མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་གི་ཐོག་འཛེགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུའི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེའི་ཁྲོད་ནས་ཕན་པ་ཐོབ་པ་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུལ་རིག་གནས་སྣེ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་ཤེས་དཔལ་འགྲོ་འོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་མིག་དཔེ་འདོན་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཧ་མུ་ཉིས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཁམ་ཕུ་ཀྲེའི་རྒྱལ་པོ་ཚང་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ཡུན་རིང་ནང་ཁམ་ཕུ་ཀྲེའི་མི་དམངས་ལ་རྩ་ཆེའི་རྒྱབ་སྐྱོབ་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནས་ཚུལ་གང་རུང་འོག ཁམ་ཕུ་ཀྲེ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་སྒོ་ནས་ཀྲུང་གོའི་མི་དམངས་དང་མཉམ་དུ་ལངས་རྒྱུ་ཡིན། ཁམ་ཕུ་ཀྲེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་གོང་འཕེལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་དང་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ནང་འདོན་སྤེལ་བྱས་པའི་གལ་ཆེའི་ཤུགས་རྐྱེན་ལ་བསྔགས་བརྗོད་ཞུ་གི་ཡོད་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་གནང་ནས་གཉེར་བའི་ཨེ་ཤི་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱིས་རྒྱལ་ཁབ་ཁག་བར་གྱི་རིག་གནས་སྤེལ་རེས་དང་ཕན་ཚུལ་ཤེས་རྟོགས་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་འདོན་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།