ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་ཤི་ལེ་སའེ་ན་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཨེ་ཤ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་པར་ཕེབས་པའི་སི་རི་ལན་ཁའི་ཙུང་ཐུང་ཞི་ལེ་སའེ་ན་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས། མི་རིང་བའི་གོང་སི་རི་ལན་ཁར་ཐོན་པའི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་རབ་དང་རིམ་པར་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་། སི་རི་ལན་ཁའི་སྲིད་གཞུང་དང་མི་དམངས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ཏེ། སི་རི་ལན་ཁ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་རྒྱབ་སྐྱོར་དང་། སི་རི་ལན་ཁ་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་རོགས་རམ་བྱ་འདོད་ཡོད་ཅེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་རི་ལན་ཁ་ནི་ཁྱིམ་མཚེས་ཡག་པོ་དང་རོགས་པ་ཡག་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་པོའི་ལྷག་བསམ་རྣམ་དག་གི་རོགས་རེས་དང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་རོགས་པའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། བདེ་འཇགས་ཁྲིམས་འཛིན་མཉམ་ལས་གཏིང་ཟབ་སྤེལ་ནས། འཇིགས་སྐུལ་རིང་ལུགས་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་འཇིགས་སྐུལ་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། སི་རི་ལན་ཁ་ཕྱོགས་ཀྱིས་ཨེ་ཤ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་སྟེགས་བུ་སྤྱད་དེ་སི་རི་ལན་ཁའི་ལོ་རྒྱུས་ཡུན་རིང་ལྡན་པའི་ནང་བསྟན་གྱི་ཤེས་དཔལ་དང་རྣམ་པར་བཀྲ་བའི་སྣ་མང་རིག་གནས་མངོན་པར་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་གསུངས་གནང་ཡོད།

ཤི་ལེ་སའེ་ན་ཡིས། མི་རིང་བའི་གོང་སི་རི་ལན་ཁའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པའི་ཁྲོད་ཀྲུང་གོའི་སྤྱི་དམངས་རྐྱེན་ལམ་དུ་ཤོར་བར་ངོས་ནས་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན། སི་རི་ལན་ཁས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འབད་བརྩོན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་གྲོས་འགོ་བཏོན་ནས་གཉེར་བའི་ཨེ་ཤ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ས་ཁུལ་དང་རྒྱལ་སྤྱིའི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། སི་རི་ལན་ཁར་ཡང་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད། སི་ཀྲུང་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྩ་ཆེའི་རྒྱབ་སྐྱོར་གནང་བར་སི་རི་ལན་ཁས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སི་རི་ལན་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་གནས་བབ་ཐོག་འཇོག་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འཕེལ་རྒྱས་དང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

མཇལ་འཛོམས་གནང་གྲུབ་རྗེས། ཕྱོགས་གཉིས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་བདེན་དཔང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།