ལི་ཁེ་ཆང་གིས་རོ་མ་ཉི་ཡའི་ཙུང་ལི་ཏེང་ཆི་ལེ་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏུའུ་ལུ་ལོ་ཧྥུ་ཉི་ཁེར་རོ་མ་ཉི་ཡའི་ཙུང་ལི་ཏེང་ཆི་ལེ་དང་མཇལ་འཕྲད་གནང་ཡོད།

ལི་ཁེ་ཆང་གིས། ད་ལོ་ནི་ཀྲུང་གོ་དང་རོ་མ་ཉི་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཞིག་རེད། ཀྲུང་གོའི་ཕྱོགས་ནས་རོ་མ་ཉི་ཡའི་ཕྱོགས་དང་ལྷན་དུ་བང་རིམ་མང་བ་དང་ཁྱབ་ཁོངས་མང་བའི་མཉམ་ལས་སྤེལ་ནས་ཕྱོགས་གཉིས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པ་བྱ་འདོད་ཡོད། རྡུལ་ཉིང་ནུས་པ་དང་། རྣམ་གྲངས་ཆེ་གྲས། དངུལ་རྩ། ཞིང་ལས། ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། རྒྱུ་སྟོབས་ཡོད་པའི་ཀྲུང་གོའི་ཁེ་ལས་ནས་སྒོ་དབྱེ་དང་ཁ་གསལ་བའི་ཐབས་ལམ་ཐོག་ནས་རོ་མ་ཉི་ཡའི་ཕྱོགས་ཀྱི་རྣམ་གྲངས་བརྩོན་ལེན་བྱེད་པའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རོ་མ་ཉི་ཡའི་ཕྱོགས་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་ཤུགས་རྒྱ་ཆེར་གཏོང་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་རོ་མ་ཉི་ཡའི་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་རྣམ་གྲངས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཏེ་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་གོང་འཕེལ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད།

ཏེང་ཆི་ལེས། ད་ལོ་ནི་རོ་མ་ཉི་ཡ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་སོང་བར་རྟེན་འབྲེལ་ཞུ་བའི་ལོ་ཞིག་རེད། རོ་མ་ཉི་ཡའི་ཕྱོགས་ནས་མཐོ་རིམ་གྲོས་མོལ་རྒྱུན་འཁྱོངས་དང་། དཔལ་འབྱོར་ཉོ་ཚོང་དང་མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས། ཀྲུང་ལུགས་གསོ་རིགས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རོ་མ་ཉི་ཡ་ནི་ད་ལོའི་ཡོ་རོབ་མནའ་འབྲེལ་གྱི་རེ་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པས་བྱ་ཐབས་ཧུར་ཐག་བཟུང་སྟེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།