ལི་ཁེ་ཆང་གིས་པོ་ཧེའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཙི་ཝུའེ་ཙི་ཏི་ཆི་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ནས་ཏུའུ་ལུ་ལོ་ཧྥུ་ཉི་ཁེར་པོ་་ཧེའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཙི་ཝུའེ་ཙི་ཏི་ཆི་དང་མཇལ་འཕྲད་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོ་དང་པོ་་ཉེའི་འབྲེལ་བ་བཟང་པོ་ཡོད་པ་དང་། ཕྱོགས་གཉིས་པོའི་བར་བཟང་ཆ་གསབ་རེས་དང་མཉམ་ལས་བྱེད་གཞི་ཆེན་པོ་ལྡན་ཡོད། ང་ཚོས་པོ་་ཧེའི་ཕྱོགས་དང་ལྷན་དུ་ཆ་ཕྱོགས་ཧྲིལ་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། གོང་འཕེལ་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། མཉམ་ལས་ཀྱི་མ་དཔེ་གསར་པ་འཚོལ་ཞིབ་བྱེད་པ། ཁྲོམ་རའི་སྒྲིག་སྲོལ་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་ཀྱི་རྒྱུན་མཐུད་རང་བཞིན་ལ་སྲུང་སྐྱོང་བྱ་འདོད་ཡོད། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་བར་གྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་དང་། ཀྲུང་གོའི་ཕྱོགས་ནས་པོ་་ཧེའི་ཡི་བྲིན་འཚོང་བྱ་རྒྱུར་འཚམས་པའི་ཞིང་ཞོར་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཙི་ཝུའེ་ཙི་ཏི་ཆིས། པོ་་ཧེ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཕྱོགས་གཉིས་པོའི་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་བདེ་བླག་ངང་སྤེལ་བཞིན་ཡོད། བཅུ་དྲུག་གཅིག་སྣོན་གྱི་མཉམ་ལས་ནི་སྟེགས་བུ་གལ་ཆེན་ཞིག་རེད། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། པོ་་ཧེའི་ནས་ཀྲུང་གོར་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱ་རྒྱུ་དང་། ཚན་རྩལ་གླིང་ཁུལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལས་སྣོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱབ་ནས་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།