ལི་ཁེ་ཆང་གིས་ཁེ་ལོ་ཏི་ཡའི་ཙུང་ལི་དང་མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༤ཚེས་༡༢ཉིན་གྱི་ཉིན་དགུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏུ་པུ་ལོ་ཧྥུ་ཉི་ཁེར་ཀྲུང་གོ་དང་ ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་༨པར་ཞུགས་མཁན་དང་ཐུག་འཕྲད་གནང་རྗེས་སྦྱིན་བདག་རྒྱལ་ཁབ་ཁེ་ལོ་ཏི་ཡའི་ཙུང་ལི་ཕུ་ལན་ཁེ་ཝེ་ཆི་དང་མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་གནང་ཡོད་པ་རེད།

ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་〖༡༦ཐོག་༡སྣོན་〗མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་གསར་པར་གདེང་འཇོག་བཟང་པོ་བྱས་ཡོད་པ་དང་མགྲིན་གཅིག་ཏུ། ཐེངས་འདིའི་ཐུག་འཕྲད་ལས་ཆོད་མཐོ་བ་དང་དངོས་གྲུབ་ལྡན་པ་དང་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་པ། ཐུགས་གྲ་ལེགས་སྒྲིག་བཅས་བྱུང་བའི་ངོས་འཛིན་བྱས་འདུག ཐུག་འཕྲད་ནང་〖ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཏུ་པུ་ལོ་ཧྥུ་ཉིན་ཁེའི་རྩ་གནད་〗ཅེས་པར་གྲོས་འཆམ་བྱས་པ་དང་〖༡༦ཐོག་༡སྣོན་མཉམ་ལས་〗ཀྱིས་མ་འོངས་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད། ཕྱོགས་ཁག་གིས་ཀི་རི་སི་འདི་ཉིད་〖༡༦ཐོག་༡སྣོན་མཉམ་ལས་〗ཀྱི་ཁོངས་མི་དངོས་ལ་གྱུར་བ་ར་དགའ་བསུ་ཞུས་པ་དང་དེའི་ཐོག་ནས་〖༡༦ཐོག་༡སྣོན་མཉམ་ལས་〗ཀྱི་དབྱར་མཚོ་རྒྱས་པའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་པར་བྱས་ཡོད་པ་རེད།

ལི་ཁེ་ཆང་གིས། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་མདུན་དུ་ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ས་ཁོངས་འགྲོལ་བའི་མཉམ་ལས་སྟེགས་བུ་ཞིག་ཡིན་པའི་ཆ་ནས་〖༡༦ཐོག་༡སྣོན་མཉམ་ལས་〗ནི་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ཀྱི་གལ་ཆེའི་གྲུབ་ཆའི་ཆ་ཤས་དང་ཁ་གསབ་ནུས་ལྡན་ཞིག་རེད། ཉིན་ཤས་གོང་མཇུག་འགྲིལ་བའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་༢༡པའི་ཐོག་མཉམ་ལས་གསལ་བསྒྲགས་སྤེལ་བ་དང་ཕྱོགས་གཉིས་པོས་ཕན་ཚུལ་སྔར་བས་རྒྱ་ཁྱབ་དང་སྔར་བས་སྟབས་བདེ། མཐོང་ཆུང་མེད་པ་བཅས་ཀྱི་ཁྲོམ་རའི་ཐོག་ཞུགས་ཆོག་པའི་ཁས་ལེན་བྱས་ཡོད་པ་རེད། ༡༦ཐོག་༡སྣོན་མཉམ་ལས་ཀྱིས་སྔ་བར་ཕྱི་གསུམ་དུ་ཕན་ཚུལ་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་ཡོངས་བསྒྲགས་ཁ་གསལ་གྱི་རྣམ་པ་དང་ཁྲོམ་ར་ཅན་གྱི་རྩ་དོན་ཐོག་ནས་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་བཏང་ཡོད་པ་དང་ཡོ་རོབ་མནའ་འབྲེལ་གྱི་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།