སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་ལ་སླར་ཡང་མངག་བཅོལ་ནན་པོ་གནང་བ།
སྤེལ་བའི་དུས་ཚོད། : 2019-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་ལ་སླར་ཡང་མངག་བཅོལ་ནན་པོ་གནང་བ་སྟེ། གོང་འཕེལ་གྱི་ཁོར་ཡུག་ཡག་པོ་གཏོད་དེ་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ།

སྤྱི་ལོ་༡༩༨༥ལོ་ནས་༢༠༠༢ལོ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུ་ཅན་དུ་ཕྱག་ལས་ལོ་༡༧ལྷག་གནང་མྱོང་ཡོད། ཧྥུ་ཅན་ལ་འཛིན་པའི་དགོངས་བཞེས་སྐོར་ལ་སྤྱི་ལོ་༢༠༡༤ལོའི་ཟླ་༡༡པར། ཁོང་གིས་ཧྥུ་ཅན་དུ་བརྟག་ཞིབ་གནང་སྐབས་བརྩེ་བ་ཟབ་མོའི་སྒོ་ནས་ཧྥུ་ཅན་ནི་ང་རང་གི་ཕ་ཡུལ་གཉིས་པ་ཡིན་ཞེས་གསུངས་གནང་ཡོད། བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཧྥུ་ཅན་ལ་སྒྲིག་གཞི་འཁྲུག་པོ་དང་། ཐོན་ལས་བཟང་པོ། མང་ཚོགས་ཕྱུག་པོ། སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུ་ཅན་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

ད་ལོའི་སྤྱི་ཟླ་༣པའི་ཚེས་༡༠ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཧྥུ་ཅན་གྱི་གོང་འཕེལ་ཐད་སླར་ཡང་བླང་བྱ་བཏོན་གནང་ཡོད་པ་སྟེ། གོང་འཕེལ་གྱི་ཁོར་ཡུག་བཟང་པོ་གཏོད་པའི་ཐད་སླར་ཡང་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་གནང་ཡོད་པ་རེད།

ཧྥུ་ཅན་དང་ཐེ་ཝན་བར་ཆུ་བོ་གཅིག་གི་བར་ཐག་ལས་མེད་པ་དང་། ཐེ་ཝན་དང་ཐག་ཉེ་ཤོས་ཀྱི་སྐམ་ས་ཆེན་མོའི་ཞིང་ཆེན་ཞིག་ཡིན་པ་དང་། མཚོ་འགག་གཡས་གཡོན་གཉིས་པོ་མཉམ་འདྲེས་ངང་གོང་འཕེལ་འགྲོ་བའི་མདུན་སར་གནས་ཡོད། སྤྱི་ཟླ་༣པའི་ཚེས་༡༠ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཧྥུ་ཅན་ལ་བཏོན་གནང་བའི་བླང་བྱའི་གྲས་ཤིག་ནི་མཚོ་འགག་གཡས་གཡོན་གཉིས་པོ་མཉམ་འདྲེས་ངང་གོང་འཕེལ་ཡོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས་ཞེས་པ་དེ་ཡིན།

ཞི་ཅིན་ཕིང་གིས། ཐེ་ཝན་ལས་དོན་སྒྲུབ་སྐབས་གནས་བབ་ཧྲིལ་པོ་དང་འཕེལ་ཕྱོགས་ཆེན་པོར་གཞིགས་དགོས་པ་མ་ཟད། དོན་འཁྱོལ་དང་ཞིབ་ཕྲའི་ལག་བསྟར་ལའང་སྣང་ཆེན་བྱེད་དགོས། མཚོ་འགག་གཡས་གཡོན་གཉིས་པོས་ཤར་གཏོང་ཐུབ་དགོས་ངེས་རྣམས་ཤར་གཏོང་གང་ཐུབ་བྱས་ཏེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཤར་གཏོང་ཐུབ་པ་དང་། རྨང་གཞིའི་སྒྲིག་བཀོད་མཉམ་མཐུད་ཐུབ་པ། ནུས་པའི་འབྱུང་ཁུངས་ཕན་ཚུན་ཤར་གཏོང་ཐུབ་པ། ལས་རིགས་ཀྱི་ཚད་གཞི་གཅིག་མཐུན་ཡོང་བ་བཅས་བྱས་ནས་ཧྥུ་ཅན་འདི་ཉིད་ཐེ་ཝན་སྤུན་ཟླ་དང་ཐེ་ཝན་གྱི་ཁེ་ལས་སྐམ་ས་ཆེན་པོར་འབྱོར་བའི་ཁྱིམ་གཞིས་དང་པོར་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

ཧྥུ་ཅན་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་ནི་ཧྥུ་ཅན་དང་ཐེ་ཝན་མཉམ་ལས་བྱེད་སའི་སྐར་ཁུང་ལྟ་བུ་ཡིན། སྤྱི་ལོ་༢༠༡༤ལོའི་ཟླ་༡༡པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་བརྟག་ཞིབ་གནང་སྐབས་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དེ་མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླས་མཉམ་ལས་འཛུགས་སྐྲུན་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བ་བཅས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཐེ་ཝན་གྱི་མ་རྩའི་ཁེ་ལས་ཀྱི་འགན་འཁུར་བ་ཁག་གཅིག་དང་བཞུགས་མོལ་གནང་སྐབས་ཁོང་གིས། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླ་ནི་མེས་པོ་དང་རྩ་བ་གཅིག་དང་། ཤ་ཁྲག་འདྲེས་པ། རིག་གནས་གཅིག་པ་བཅས་ཡིན་པས། ལག་གདང་སྦྲེལ་ཏེ་གོང་འཕེལ་དང་། མཉམ་འདྲེས་ངང་གོང་འཕེལ་མི་གཏོང་བའི་རྒྱུ་མཚན་གང་ཡང་མེད་ཅེས་གསུངས་གནང་ཡོད།

སྤྱི་ཟླ་༣པའི་ཚེས་༡༠ཉིན། ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཐེ་ཝན་གྱི་ལས་དོན་སྒྲུབ་སྐབས་མི་དམངས་ཀྱིས་ལྟེ་བ་བྱས་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར་ཡག་པོ་བྱེད་པ་དང་། ཐེ་ཝན་གྱི་སྤུན་ཟླར་བལྟ་སྟངས་གཅིག་པ་འཛིན་པ། སྐམ་ས་ཆེན་མོའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་ལྟར་ཐེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་དགོས། ཐེ་ཝན་སྤུན་ཟླའི་རེ་འབོད་ལ་ཉན་པ་དང་། ཝེ་ཐན་ལ་ཕན་པ་དང་མང་ཚོགས་ལ་ཕན་པའི་སྲིད་ཇུས་བྱ་ཐབས་གང་དག་བཏོན་ཆོག་པའི་ཐད་ཞིབ་འཇུག་བྱས་ཏེ། སྒྲུབ་ཐུབ་པའི་བྱ་བ་ཡིན་ཚེ་སྒྲུབ་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་སླར་ཡང་ཐེ་ཝན་སྤུན་ཟླའི་སེམས་ཤུགས་རབ་ཏུ་འཕེལ་ཡོད། ཐེ་ཝན་གྱི་སྤུན་ཟླ་ཧོ་གོ་ཏིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ཚོ་ཐེ་ཝན་སྤུན་ཟླས་སྐམ་ས་ཆེན་པོར་མ་འཇོག་བྱེད་པའི་སེམས་ཤུགས་སྔར་བར་བརྟན་དུ་ཕྱིན་སོང་ལ། ཐེ་ཝན་གྱི་གཞོན་ནུས་སྐམ་ས་ཆེན་མོར་དཀའ་སྤྱད་འབད་འཐབ་བྱེད་པར་བསྐྱོད་རྒྱུར་ཡིད་འགུག་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ལོ་༢༠༡༤ལོའི་ཟླ་བ་༡༡པའི་ནང་ཧྥུ་ཅན་དུ་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྒྲིག་གཞི་མི་གཤིས་ལྡན་པ་དང་། ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ། སྐྱེ་ཁམས་མཛེས་སྡུག་ལྡན་པ་བཅས་ཀྱི་ཧྥུ་ཅན་གསར་པ་འབད་བརྩོན་ཆེན་པོས་འཛུགས་སྐྱོང་བྱ་དགོས་ཞེས་བསྟན་གནང་ཡོད། ལོ་ཤས་རིང་། ཧྥུ་ཅན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ལྟར། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་རྒྱུན་མཐུད་དུ་སྐུལ་འདེད་བཏང་བ་དང་། ཐོན་ལས་སྟོབས་ལྡན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། མཁོ་སྤྲོད་གསར་གཏོད་དང་ཁ་སྣོན་བྱས་པ། ཞན་ཆ་སེལ་ནས་དམངས་འཚོར་ཕན་པ་བསྐྲུན་པ། སྐྱེ་ཁམས་མཛེས་སུ་བཏང་ནས་བཟང་ཆ་བརྟན་དུ་བཏང་བ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་ཧྥུ་ཅན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད་པ་རེད།

ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས། གསར་གཏོད་ལས་གཏོད་འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་མ་ཟད། སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་དང་། དམངས་གཉེར་ཁེ་ལས་གསར་གཏོད་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་པ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད་པ་རེད།

སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠ལྷག་གི་རིང་། ཧྥུ་ཅན་གྱི་དམངས་གཉེར་ཁེ་ལས་ཀྱིས་ཅིན་ཅང་ཉམས་མྱོང་གི་མཛུབ་ཁྲིད་འོག ༼ཀུན་གྱི་ཆེད་དུ་འབད་པ་བྱེད་པ་དང་། འབད་པ་བྱས་ན་ད་གཟོད་རྒྱལ་ཁ་ཐོབ་པའི་༽བསམ་པའི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་། དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ལྷོད་གཡེང་དུ་མི་གཏོང་བའི་ཐོག་ནས། སྒྱུར་བཅོས་གསར་སྐྲུན་གྱི་ཁྱོན་ཡོངས་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། དམངས་གཉེར་དཔལ་འབྱོར་གྱིས་ཧྥུ་ཅན་གྱི་དཔལ་འབྱོར་ཧྲིལ་པོའི་ནང་གསུམ་ཆ་གཉིས་བཟུང་ཡོད། ཧྥུ་ཅན་ཞིང་ཆེན་གྱི་འགོ་འཛིན་ཐང་ཏེང་ཅེ་ཡིས། དམངས་གཉེར་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་ཡིན་པའི་ངོས་ནས། ཧྥུ་ཅན་གྱིས་རིགས་ཁག་གི་ཁྲོམ་རའི་གྲུབ་ཆ་གཙོ་བོ་རྣམས་ལ་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་བཏོད་ཡོད་ཅེས་བསྟན་གནང་ཡོད།

ཐང་ཏེང་ཅེ་ཡིས། ང་ཚོས་འཕྲལ་དུ་སྒྲུབ་པ་དང་། དམ་པ་དོན་གཉེར་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། ༼གྲངས་འཛིན་ཧྥུ་ཅན་༽འཛུགས་སྐྲུན་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་གཏོང་བ། ཞིང་ཆེན་ཡོངས་སུ་འགྲོ་ལུགས་གཉེར་རྒྱུ་སྡེབ་གཅིག་ལ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ། ཐེངས་གཅིག་ཀྱང་འགྲོ་མི་དགོས་པ་དང་མང་ཤོས་ལའང་ཐེངས་གཅིག་ལས་འགྲོ་མི་དགོས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས། ཁེ་ལས་ཀྱིས་དོན་དག་བསྒྲུབ་སྐབས་དྲ་བའི་ཐོག་ནས་ཚོང་ཟོག་ཉོ་བ་ལྟར་གྱི་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཁྲོམ་རར་ཞུགས་ཆོག་པའི་བཀག་འཇོག་རྩིས་ཐོ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལག་ཁྱེར་དང་འཛིན་ཡིག་ལོགས་སུ་དབྱེ་རྒྱུ་དང་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པ་སོགས་ཀྱི་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཧྥུ་ཅན་གྱིས་དོན་དེའི་ཐད་མཆན་འགོད་ཉུང་ཤོས་དང་། བརྒྱུད་རིམ་ལེགས་ཤོས། ཞབས་ཞུ་ཡག་ཤོས་བཅས་གཏོད་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

ཧྥུ་ཅན་ནི་གསར་བརྗེའི་རྟེན་གཞི་རྙིང་པ་སྐད་གྲགས་ཅན་ཞིག་ཡིན་པ་དང་། རྟེན་གཞི་ཪྙིང་པའི་མི་དམངས་ལ་མཚོན་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་ཐུགས་ཁུར་ཟབ་མོ་གནང་མུས་ཡིན། ཧྥུ་ཅན་གྱི་ནུབ་རྒྱུད་དུ་ཐེངས་མང་ཕེབས་ནས། དམར་དམག་རྒན་གྲས་དང་སྔོན་གཤེགས་དཔའ་བོའི་ནང་མིར་གཟིགས་གནང་བ་དང་། རྟེན་གཞི་རྙིང་པའི་ཁུལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས། གསར་བརྗེའི་རྟེན་གཞི་རྙིང་པ་དང་། ཀྲུང་དབྱང་གི་སུའུ་ཝེ་ཨའེ་ཁུལ་གྱི་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པ་དང་། ཆུ་འཐུང་དུས་ཆུ་མིག་དྲན་དགོས་ཞེས་པའི་དཔེ་ལྟར། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་སུའུ་ཝེ་ཨའེ་ཁུལ་གྱི་མི་དམངས་རྣམས་རྩ་བ་ནས་བརྗེད་མི་རུང་། ལེགས་སྒྲིག་དང་ལེབ་བཤེར་བྱེད་པ་དང་། དུས་ཚོད་དམ་འཛིན་གྱིས་ལས་དོན་བསྒྲུབ་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་འཕེལ་རིམ་ནང་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་སུའུ་ཝེ་ཨའེ་ཁུལ་གཅིག་ཀྱང་མི་ལུས་པ་བྱ་དགོས་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་སུའུ་ཝེ་ཨའེ་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པ་དང་མིག་རྒྱང་ཡོད་དགོས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུའི་ཐད་འབད་བརྩོན་མང་ཙམ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ལེགས་པོ་བསྒྲུབ་པ། གནམ་སྔོན་པོ་དང་། ཆུ་མོ་དྭངས་གཙང་། ཡུལ་ལུང་གཙང་མ་བཅས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་ཞེས་ནན་གསུངས་གནང་ཡོད།

ཧྥུ་ཅན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་གྱི་ཆོག་མཆན་ཐོབ་ནས་ལོ་གསུམ་ཙམ་སོང་རིང་། སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་༣༨ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད། ཧྥུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཝུའེ་གོ་ཡིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་ཞེས་བསྟན་གནང་བ་དང་།

ཡུས་ཝུའེ་གོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་གནས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་དུ་སྐྱེ་ཁམས་ཁོར་ཡུག་བློས་གཏོང་བྱེད་མི་རུང་ཞེས་པའི་བསླབ་བྱ་རྟག་ཏུ་གནང་བ་དེར་བརྩི་སྲུང་ནན་མོ་ཞུ་དགོས་པ་དང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་བློས་གཏོང་བྱེད་པའི་ནོར་འཁྲུལ་དེ་འདྲ་ཤོར་རྒྱུ་རྦད་དེ་སྔོན་འགོག་བྱ་དགོས་ཤིང་། ཧྥུ་ཅན་གྱི་སྐབས་རིམ་བྱུང་དང་། ལས་བྱེད་པ་མི་རེ་ངོ་རེས་སྐྱེ་ཁམས་ཁོར་ཡུག་བློས་གཏོང་བྱེད་པའི་ནོར་འཁྲུལ་དེ་རིགས་རྩ་བ་ནས་ཤོར་མི་རུང་ཞེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།