ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྐབས་༣༢པའི་འགོ་གཙོའི་གྲོས་ཚོགས་ལ་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་གནང་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྐབས་༣༢པའི་འགོ་གཙོའི་གྲོས་ཚོགས་ཡ་ཏེ་སི་ཡ་པེ་པར་འཚོགས་པར་བཀྲིས་བདེ་ལེགས་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཨ་ཧྥེ་རི་ཁ་མནའ་འབྲེལ་ནི་ཨ་ཧྥེ་རི་ཁ་གླིང་མཉམ་འབྲེལ་སྟོབས་ཆེར་འགྲོ་བའི་དར་ཆ་ཞིག་ཡིན། ན་ནིང་ནས་བཟུང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྣེ་ཁྲིད་འོག་ཨ་ཧྥེ་རི་ཁ་གཞི་གཅིག་ཅན་གྱི་གོང་འཕེལ་ལ་འཕེལ་རིམ་གལ་ཆེན་ཐོན་པ་དང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་མགྲིན་དབྱངས་གཅིག་གྱུར་གྱི་གཏམ་བཤད་སྤེལ་བས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ང་རང་ནས་དེའི་ཐད་སྤྲོ་སེམས་འཁོལ་པོས་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུར་སྙིང་དབུས་ནས་བཀྲིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ན་ནིང་སྤྱི་ཟླ་དགུ་པར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ང་རང་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་ནས་དབུ་ཚོགས་གཟབ་རྒྱས་གཉེར་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་གོང་འཕེལ་ལ་འཆར་འགོད་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་ཧྥེ་རི་ཁ་གླིང་ཕྱོགས་དང་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་ལ་བརྩིས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ལོ་༢༠༦༣ལོའི་གྲོས་རིམ་དོན་འཁྱོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ། དེ་བཞིན་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཁག་གི་གོང་འཕེལ་འཐབ་ཇུས་བཅས་སྦྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྔར་བས་ཟབ་པའི་ལས་དབང་གཅིག་མཐུན་མ་ལག་གཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།