གྲོང་ཚོ་ཡོངས་དབུལ་གྲོལ་ཐུབ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ནས་སླར་ཡར་གཟིགས་པར་ཕེབས་དང་།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ་2018ལོའི་ཟླ་བ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་དབྱིང་ཏེ་གྲོང་ཁྱེར་ལན་ཅང་ཁུ་གྲོང་བརྡལ་ལན་ཀྲང་གྲོང་ཚོར་གཟིགས་ཞིབ་གནང་བར་ཕེབས་ཡོད། ཁོང་གིས་གྲོང་མི་ཚོའི་འཚོ་བའི་གནས་བབས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་། དབུལ་ཕོངས་ཁྱིམ་དུད་ལུ་དབྱི་ཧེའི་ཁྱིམ་དུ་ཕེབས་ནས། ཁོང་གི་ཁྱིམ་ཚང་གནས་ཚུལ་ཤེས་རྟོག་ཞིབ་ཕྲ་གནང་ཡོད། ད་ལྟ། ཟླ་བ་4འདས་ཟིན་པ་དང་། ལུ་དབྱི་ཧེའི་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་གསར་པ་བྱུང་བ་དང་། ལན་ཀྲང་གྲོང་ཚོར་གཏམ་རྒྱུད་གསར་པ་མང་པོ་ཐོན་ཡོད་པ་རེད།

ན་ནིང་སྤྱི་ཟླ་༡༠པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིང་གནང་ཡོད། དབྱིང་ཏེ་གྲོང་ཁྱེར་ལན་ཅང་ཁུ་གྲོང་བརྡལ་ལན་ཀྲང་གྲོང་ཚོ་ནི་ཀོང་ཏུང་ཞིང་ཆེན་ནས་གཏན་འཁེལ་བྱས་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་དེ་གར་ཕེབས་གནང་བས། གྲོང་མི་ཚོར་དྲོ་སྐྱིད་ཚོར་སྣང་ཆེན་པོ་བྱུང་ཡོད། ཁོང་གིས་དབུལ་ཕོངས་ཁྱིམ་དུད་ལུ་དབྱི་ཧེའི་ཁྱིམ་དུ་ཕེབས་ནས། ཁོང་གི་ཁྱིམ་ཚང་གནས་ཚུལ་མཁྱེན་རྟོག་ཞིབ་ཕྲ་གནང་བ་དང་། ཁོང་གི་འཚོ་བ་གང་འདྲ་ཡིན་པ་དང་། དཀའ་ངལ་ག་རེ་ཡོད་མེད་དྲིས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མི་ཚོར། འབྱོར་འབྲིང་མངོན་འགྱུར་ཡོང་བར་གཅིག་ཀྱང་ལུས་མི་རུང་། ང་ཚོ་དབུལ་གྲོལ་ཐུབ་རྗེས་ད་དུང་ཕྱུག་འགྱུར་ཡོང་བ་བྱེད་དགོས་པ་དང་། ད་དུང་དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་དགོས། ང་ཚོ་ད་ལྟ་ལམ་བུ་དེ་འདྲ་ཞིག་གི་ཐོག་སྐྱོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་ཡིན། དེ་ནི་ང་ཚོའི་དམིགས་འབེན་ཡིན། ང་ཚོས་བློ་གཅིག་སེམས་གཅིག་ངང་ལས་དོན་དེ་གྲུབ་པ་དང་། བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུས་ཚེ། ང་ཚོས་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་ཐུབ་ངེས་ཡིན་ཞེས་གསུངས་གནང་ཡོད།

ལུ་དབྱི་ཧེ་ཡོད་སའི་ལན་ཀྲང་གྲོང་ཚོ་ནི་ལན་ཅང་ཁུ་གྲོང་བརྡལ་གྱི་ཞིང་ཆེན་ནས་གཏན་འཁེལ་བྱས་པའི་དབུལ་ཕོངས་གྲོང་ཚོ་ཉག་གཅིག་དེ་ཡིན་ཞིང་། གྲོང་ཚོའི་ནང་ཁྱོན་ཁྱིམ་དུད་482དང་། མི་2225ཡོད་པ་རེད། འོན་ཀྱང་བརྒྱ་ཆ་བཅུ་ལས་བརྒལ་བ་ནི་དབུལ་ཕོངས་ཁྱིམ་དུད་ཡིན་པ་རེད། ལུ་དབྱི་ཧེའི་ཁྱིམ་དུ་མི་6ཡོད་པ་དང་། བཟའ་ཟླ་དང་པ་ཕ་ནད་གཞི་ཕོགས་ནས་ཁྱིམ་དུ་བསྡད་ཡོད་ཅིང་། བུ་ཕྲུག་གསུམ་ད་དུང་སློབ་གྲར་འགྲོ་གི་ཡོད་པས། ངལ་རྩོལ་ནུས་པ་ལྡན་པ་ཁོང་གཅིག་པོ་ལས་མེད་པ་རེད། འཚོ་བའི་ཆེད་དུ། ལུ་དབྱི་ཧེས་གང་སར་ལས་ཀ་ཙག་ཙིག་བྱེད་པ་དང་། ཞིང་ལས་བྱས་ནས་འཚོ་བ་བསྐྱལ་གྱི་ཡོད། དབུལ་གྲོལ་ཐད། སྤྱི་ལོ་2016ལོའི་སྔ་རྗེས་བར་སླེབས་སྐབས། གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། ཁོང་གིས། ང་རང་ལ་དེ་སྔོན་སྨྱུག་མའི་ནགས་ཚལ་མུའུ་བཅུ་གྲངས་ལས་མེད། དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་རྗེས་ས་ཆ་མང་པོ་ཞིག་སྤྲད་ཡོད་པ་དང་། དེའི་ཁྲོད་ནས་ང་ལ་མུའུ་18སྤྲད་བྱུང་ཞེས་ཤོད་ཀྱི་ཡོད་པ་རེད།

ལུ་དབྱི་ཧེས་བརྗོད་པའི་དབུལ་སྐྱོར་སྲིད་ཇུས་ནི་སྤྱི་ལོ་2016ལོ་ནས་བཟུང་གི་དུས་རབས་གསར་པའི་གནས་འཕིགས་དབུལ་སྐྱོར་ཡིན་པ་རེད།ཁེ་ལས་དང་མཉམ་འགུལ་ངང་དབུལ་ཕོངས་ཁྱིམ་དུད་ལ་སྨྱུག་མའི་ནགས་ཚལ་ཁ་བགོས་འགན་གཙང་ལེན་པ་དང་དོ་དམ་བྱེད་པའི་ལས་ཞུགས་སྒོ་སྐབས་འཁོ་འདོན་བྱེད་པ་ཕུད། གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་ཚོགས་ཆུང་གིས་ད་དུང་ཀུང་སིའི་ཐོག་མཉམ་ལས་ཁང་དང་། རྟེན་གཞི། ཞིང་པའི་ཁྱིམ་དུད་བཅས་སྣོན་པའི་རྣམ་པ་བརྒྱུད། ས་གནས་དེ་གར་དེང་རབས་ཞིང་ལས་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད་པ་དང་། རྣམ་གྲངས་ཀྱི་འཆར་འགོད་རྒྱ་ཁྱོན་མུའུ་50ཟིན་གྱི་ཡོད། ལུ་དབྱི་ཧེས་དེའི་ཁྲོད་ནས་མུའུ་3འགན་གཙང་བླངས་ཡོད་པས། ལོ་གཅིག་ནང་། སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ཡོང་འབབ་སྒོར་ཁྲི་གསུམ་ཙམ་ཟིན་གྱི་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལན་ཀྲང་གྲོང་ཚོར་རྟོག་ཞིབ་གནང་རྗེས། ལུ་དབྱི་ཧེས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་ལྔ་གཡར་ནས། གྲོང་ཚོའི་ནང་གི་སྨྱུག་མའི་ནགས་ཚལ་འགན་གཙང་ལེན་པའི་ཐད་བེད་སྤྱོད་བྱས་ཡོད། ཁོང་གི་འཚོ་བའང་གཞི་ནས་ཡག་ཏུ་འགྲོ་འགོ་ཚུགས་ཡོད་པ་རེད།

སྤྱི་ལོ་2018ལོར། ལུ་དབྱི་ཧེའི་ཁྱིམ་ཚང་གི་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཆིག་འབུམ་ཙམ་ཟིན་གྱི་ཡོད་ཅིང་། དེ་ནི་སྤྱི་ལོ་2016ལོའི་གོང་གི་ལྡབ་9ལྷག་ཡིན་པ་རེད། གྲོང་ཚོའི་ནང་གི་དབུལ་ཕོངས་ཁྱིམ་དུད་གཞན་ནས་ཀྱང་གཅིག་མཇུག་གཉིས་མཐུད་ངང་དབུལ་སྐྱོར་སྲིད་ཇུས་ཀྱིས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་བཏང་བའི་མྱོང་ཚོར་ཐུབ་ཡོད། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལུ་གོ་ཡོང་གིས་དགའ་ཚོར་ཆེན་པོས། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པའི་རྗེས། ལན་ཀྲང་གྲོང་ཚོ་དེ་ཉིད་ཀྱང་རིམ་བཞིན་ཕྱི་ཕྱོགས་ནས་ཤེས་རྟོག་བྱུང་བ་དང་། དེ་སྔའི་གྲོང་ཚོ་སྟོང་པ་དེར། ད་ལྟ་ཕ་ཡུལ་དུ་ལོག་ནས་བྱ་བཞག་གསར་གཏོད་བྱེད་མཁན་མང་པོ་ཡོད་པ་ཤེས་རྟོག་བྱུང་ཡོད་ཅིང་། ཁོང་གིས། ད་ལྟ་ཡུལ་སྐོར་བའི་ཁྲོད་གྲོང་ཚོའི་མཚན་སྙན་རིམ་བཞིན་མཐོ་རུ་འགྲོ་གི་ཡོད། དེ་སྔོན་གཞོན་ནུ་ཕྱེད་ཀ་ཙམ་ཕྱིར་ལས་ཀར་ཕྱིན་ཡོད་པ་དང་། ད་ལྟ་སྤྱིའི་ཆ་ནས་ཚང་མ་ལོག་སླེབས་ཡོད་ཅེས་གསུངས་ཀྱི་ཡོད་པ་རེད།

ད་ལྟ། ལུ་དབྱི་ཧེ་ཉིན་མོར་གྲོང་ཚོའི་ནང་གི་ཐོན་ལས་གླིང་ཁུལ་དུ་ལས་ཀ་ཙག་ཙིག་བྱེད་པར་འགྲོ་བ་དང་ཆབས་ཅིག་རང་ཉིད་ཀྱི་འགན་གཙང་བླངས་པའི་སྨྱུག་མའི་རིར་ལྟ་རྟོག་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་གྱི་རྗེས་སུ། ཁོང་ད་དུང་ཁོམ་པ་ཡོད་དུས་གྲོང་ཚོའི་ནང་གི་དབུལ་སྐྱོར་གློག་བཟོ་མཁན་སྦྱོང་བརྡར་འཛིན་གྲར་སློབ་ཚན་ཉན་པར་འགྲོ་དགོས་ཀྱི་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ནས་དབུལ་གྲོལ་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་སྐུལ་མ་གནང་བའི་བཀའ་མོལ་དེ་དག ཁོང་ནས་སེམས་ལ་བརྟན་པོ་ངེས་ཡོད་ཅེས་གསུངས་ཀྱི་ཡོད་པ་དང་། གྲོང་ཚོ་ཡོངས་དངོས་སུ་དབུལ་གྲོལ་ཐུབ་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་དེ་གར་གཟིགས་པར་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཁོང་གིས། ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཏང་གི་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཞི་ཅིན་ཕིང་ནས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། གང་མགྱོགས་དབུལ་་གྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ནས་ཐུགས་བློ་བདེ་པོ་གནང་རོགས་ཞེས་ཤོད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།