སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོའི་ཞབས་རྗེས་རྡོ་སོལ་སྔོག་ས་རྡིབ་ཁུལ་ནས་གནས་སྤོ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལེའོ་ཉིང་ཧྥུ་ཧྲུན་དུ་ལོ་བརྒྱའི་རྡོ་སོལ་སྔོག་འདོན་བྱས་པའི་ལོ་རྒྱུས་ཡོད་པ་དང་། དེ་ནི་ཐོན་ཁུངས་རྫོགས་པའི་དཔེ་སྟོན་གྲོང་ཁྱེར་ཞིག་ཡིན། སྤྱི་ལོ་༢༠༡༨ལོའི་ཟླ་༩པའི་ཚེས་༢༨ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུ་ཧྲུན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཁང་པ་ཐབ་ཆག་ཁུལ་དང་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གནད་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཁོང་གིས། ཐོན་ཁུངས་རྫོགས་པའི་གྲོང་ཁྱེར་བརྗེ་སྒྱུར་གོང་འཕེལ་གཏོང་བའི་ཁྲོད་ཐོག་མར་དམངས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་དགོས་ཞེས་གསུངས་གནང་ཡོད། དཔྱིད་གསར་དུས་ཆེན་རིང་ང་ཚོ་ཧྥུ་ཧྲུན་ཏུང་ཧྭ་ཡོན་སྡེ་ཁུལ་དུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་ད་ལྟའི་སྡོད་སའི་ཆ་རྐྱེན་གང་འདྲ་ཡོད་མེད་དང་འཚོ་བར་འགན་སྲུང་ཡོད་མེད་ལ་བལྟ་བར་བསྐྱོད་ཡོད། གཤམ་ལ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཀོ་ཝེ་དང་ཕན་དབྱིས་ནས་སྤེལ་བའི་དེའི་སྐོར་གྱི་གསར་འགྱུར་ཞིག་ཞུ་གི་ཡིན།

ཧྥུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཁུལ་ཆན་ཏན་གྲོང་རྡལ་ཏུང་ཧྭ་ཡོན་སྡེ་ཁུལ་དུ་སྡེ་ཁུལ་མང་ཚོགས་ཚོས་རང་བརྩམས་རང་འཁྲབ་བྱས་པའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་སྤྲོ་ཚོགས་ཚ་ཚ་འུར་འུར་ངང་འཁྲབ་སྟོན་བྱེད་བཞིན་ཡོད། སྡེ་ཁུལ་གྱི་གྲོང་མི་ལིའུ་ཡུའེ་གཡན་གྱིས་བརྩམས་པའི་མགྱོགས་གཏམ་ཞིག་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
སྤྱི་ལོ་༢༠༡༥ལོའི་གོང་ང་ཚོའི་སྡོད་ཁང་ལ་དཀའ་ངལ་ཆེན་པོ་ཡོད་པ་དང་། ཁང་པ་ཧ་ཅང་ཞན་པས་གྲོང་མི་རྣམས་ཁང་པའི་ནང་སྡོད་ནུས་ཀྱི་མེད། སྤྱི་ལོ་༢༠༡༦ལོར་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་མང་ཚོགས་ཏུང་ཧྭ་ཡོན་སྡེ་ཁུལ་དུ་གནས་སྤོ་བྱེད་པའི་གཏམ་བཟང་འབྱོར་བས་རྒན་དར་གཞོན་གསུམ་གྱི་བཞིན་ལ་འཛུམ་མདངས་འཕྱུར་བ་དང་། སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཡོད་ཅེས་པའི་མགྱོགས་གཏམ་དེས་གླེང་བའི་ནང་དོན་ནི་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་གྲོང་མིའི་སེམས་ནང་གི་སྐད་ཆ་ཡིན་པ་རེད། ཧྥུ་ཧྲུན་ནི་དེ་སྔོན་རྡོ་སོལ་གྱིས་སྐད་གྲགས་ཆོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་སུ་རྡོ་སོལ་ཐོན་འབོར་གྱིས་རྒྱལ་ཡོངས་ཀྱི་བཅུ་ཆ་གཅིག་ཟིན་གྱི་ཡོད། འོན་ཀྱང་། རྡོ་སོལ་ཐོན་ཁུངས་རིམ་བཞིན་རྫོགས་པའི་དབང་གིས་དེ་གར་ལྷག་བསྡད་པ་ནི་ཐོག་མེད་པའི་གཏེར་ཁ་སྔོག་ཁུལ་དང་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༧༤དང་གྲངས་ཆུང་༧ཟིན་པའི་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་ཤུགས་རྐྱེན་ཁུལ་ཡིན་པ་རེད།

ན་ནིང་སྤྱི་ཟླ་དགུ་པའི་ཚེས་༢༨ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏུང་ཧྭ་ཡོན་སྡེ་ཁུལ་དུ་ཕེབས་ཏེ། ས་ཡུལ་དངོས་སུ་ཧྥུ་ཧྲུན་གྲོང་ཁྱེར་གྱི་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁྲེན་ཡུའེ་ཧྥང་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མི་ཚོ་དང་ལྷན་དུ་གཏམ་གླེང་གནང་བ་དང་། སྡོད་ཁང་ལེགས་བཅོས་ གང་འདྲ་བྱུང་ཡོད་མེད་དང་། ཁང་པའི་རྒྱ་ཁྱོན་ག་ཚོད་ཡོད་མེད། རྒན་ཡོལ་ཞུས་པའི་དངུལ་དང་སྤྱི་ཚོགས་འགན་བཅོལ་དུས་ཐོག་ཏུ་ལེན་ཐུབ་མིན། སྨན་བཅོས་བྱེད་ས་སྟབས་བདེ་པོ་ཡོད་མེད་སོགས་བཀའ་འདྲི་གནང་ཡོད། དེའི་སྐོར་ཁྲེན་ཡུའེ་ཧྥང་གིས་ཕྱིར་དྲན་བྱས་པར་སྤྱི་ཁྱབ་ཧྲུའུ་ཅི་ངའི་ཁྱིམ་དུ་ཕེབས་པར་ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་ནི་བློ་གཏད་གུས་བཀུར་ཞུ་འོས་པ་ཞིག་རེད། མང་ཚོགས་ཀྱི་ཟ་སྡོད་འགྲོ་གསུམ་ཚང་མ་བཀའ་འདྲི་གནང་བ་དང་། ངའི་གླ་ཕོགས་དུས་ཐོག་ཏུ་ལེན་ཐུབ་མིན་དང་། ཁང་པའི་རྒྱ་ཁྱོན་ག་ཚོད་ཡོད་མེད། དེ་སྔ་རྒྱ་ཁྱོན་ག་ཚོད་ཡོད་མེད། རང་ཉིད་ནས་དངུལ་ག་ཚོད་སྤྲད་ཡོད་མེད་སོགས་བཀའ་འདྲི་གནང་བ་ནི་གཉེན་ཉེ་ངའི་ཁྱིམ་དུ་ཕེབས་པ་དང་གཅིག་མཚུངས་རེད་འདུག་ཅེས་བརྗོད་ཡོད་པ་རེད།

ཐོན་ཁུངས་རྫོགས་པའི་གྲོང་ཁྱེར་བརྗེ་སྒྱུར་གོང་འཕེལ་གཏོང་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད། ཁོང་གིས་ཧྥུ་ཧྲུན་དུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གིས་མ་དངུལ་འབོར་ཆེན་བཏང་ནས་ཁང་པ་ཐབ་ཆག་ཁུལ་དང་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གནད་དོན་ཐག་གཅོད་བྱས་པ་ནི་བྱེད་དགོས་ངེས་ཤིག་རེད། ཐོན་ཁུངས་རྫོགས་པའི་གྲོང་ཁྱེར་བརྗེ་སྒྱུར་གོང་འཕེལ་བྱེད་པའི་ཁྲོད་ཐོག་མར་དམངས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་དགོས་ཞེས་གསུངས་གནང་ཡོད་པ་རེད།

སྤྱི་ལོ་༢༠༡༣ལོ་ནས་བཟུང་། ཧྥུ་ཧྲུན་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་རང་གྲབས་མ་དངུལ་བེད་སྤྱད་པ་དང་། ཁྱོན་སྒོར་དུང་ཕྱུར་༤༧ཙམ་བཏང་ནས་ཧྥུ་ཧྲུན་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་རྡོ་སོལ་སྔོག་ས་རྡིབ་པའི་ཤུགས་རྐྱེན་ཐེབས་ཁུལ་གྱི་གྲོང་མི་ཚོའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་ལས་གཞིར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། མིག་སྔའི་བར་སླེབས་དུས་གྲོང་མི་ཐེམ་དུད་སུམ་ཁྲི་དགུ་སྟོང་ཁྲོད་ཐེམ་དུད་ཉིས་ཁྲི་སུམ་སྟོང་ཉེན་གཡོལ་བཀོད་སྒྲིག་བྱས་ཟིན་པ་དང་། ཐེམ་དུད་སུམ་སྟོང་ཉེན་གཡོལ་གནས་སྤོ་བྱེད་བཞིན་ཡོད་པ་རེད། ས་ཆའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་སུམ་འབུམ་ཟིན་པའི་ཏུང་ཧྭ་ཡོན་སྡེ་ཁུལ་ནི་རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་ཉེན་གཡོལ་བཀོད་སྒྲིག་སྡེ་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

ཁྲེན་ཡུའེ་ཧྥང་གི་ཁྱིམ་ནི་སྤྱི་ལོ་༢༠༡༧ལོར་ཏུང་ཧྭ་ཡོན་དུ་སྤོས་པ་ཞིག་ཡིན་པ་དང་། རྡོ་སོལ་སྔོག་ས་རྡིབ་ཁུལ་གྱི་ཉེན་ཁ་ཡོད་པའི་ཁང་པ་ནས་དཀར་ཆ་དོད་ལ་རླུང་འགྲོ་ས་ལེགས་པའི་གློག་སྐས་ཡོད་པའི་ཐོག་བརྩེགས་ཁང་པར་སྤོས་པ་དང་། རྒན་རྒོན་གཉིས་ལ་རྒས་ཡོལ་ཞུས་པའི་དངུལ་ཁྱོན་བསྡོམས་སྒོར་༥༠༠༠ལྷག་ཙམ་ལེན་རྒྱུ་ཡོད། ཁྲེན་ཡུའེ་ཧྥང་གིས་ཁོང་གི་ད་ལྟའི་འཚོ་བ་བདེ་ཞིང་སྐྱིད་པ་ཡིན་ཞེས་གླེང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།