ཞི་ཅིན་ཕིང་ནས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ལ་རྟེན་འབྲེལ་ཞུ་འཕྲིན་བཏང་།
སྤེལ་བའི་དུས་ཚོད། : 2019-02-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས་བར་ཀྲུང་ཕོར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བའི་ཐད་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་བ་དང་། ལི་ཁེ་ཆང་དང་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་ས་ཐེ་ཀན་ནས་ཀྱང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕོར་ཐིའུ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏེ་སོ་ས་ཡིས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ༤༠འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་འཕྲིན་ནང་། ཀྲུང་ཕོར་བར་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་སྙིང་སྟོབས་ཐོག་ནས་ཕྱོགས་གཉིས་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ལོ་༡༩༩༩ལོར། ཕྱོགས་གཉིས་པོས་ཨའོ་མོན་གྱི་གནད་དོན་ཐག་གཅོད་འོས་འཚམས་བྱས་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་མཛའ་གྲོགས་གྲོས་མོལ་བྱས་ནས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་པའི་མིག་དཔེ་གཏོད་ཡོད། སྤྱི་ལོ་༢༠༠༥ལོར་ཀྲུང་ཕོར་བར་ཁྱོན་ཡོངས་ཐབས་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་མཐོ་རིམ་ནས་ཕན་ཚུན་འཚམས་འདྲི་ཐེངས་མང་གནང་བ་དང་། ཕན་ཚུན་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ་བཅས་བྱུང་ཡོད། ཡུན་རིང་མ་སོང་གོང་། ང་རང་ནས་ལེགས་གྲུབ་ལྡན་པའི་ངང་སྐུ་ཉིད་རྒྱལ་ཁབ་ལ་འཚམས་འདྲི་ཞུས་པ་དང་། སྐུ་ཉིད་དང་མཛའ་གྲོགས་བཀའ་མོལ་གཏིང་ཟབ་ཞུས་ནས། ཀྲུང་ཕོར་འབྲེལ་བའི་འཆར་གཞི་གསར་པ་བཟོས་པ་ཡིན། ང་རང་ནས་ཀྲུང་ཕོར་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁྱེད་དང་ལྷན་དུ་འབད་བརྩོན་བྱས་ཐོག་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཀྲུང་ཕོར་བར་གྱི་ཁྱོན་ཡོངས་ཐབས་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཏེ་ས་སོས་རྟེན་འབྲེལ་ཞུ་འཕྲིན་ནང་། ཕོར་ཀྲུང་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་བར་སྔ་བར་ཕྱི་གསུམ་དུ་འཆམ་མཐུན་མཉམ་གནས་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་གཉིས་རྒྱལ་བཅས་བྱུང་ཡོད། ཕྱོགས་གཉིས་པོས་འདྲ་མཉམ་གྲོས་མོལ་དང་། གཅིག་མཐུན་འདུ་འགྲིལ་བྱས་ནས། ཨའོ་མོན་གྱི་སྲིད་དབང་རྩིས་སྤྲོད་བདེ་བླག་ངང་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་ཡོད་དཔྱད་གཞི་མཁོ་འདོན་བྱས་ཡོད། རྒྱལ་ཁབ་གཉིས་པོའི་བར་ཡུན་རིང་ཞི་བདེའི་འགྲོ་འོང་བྱས་པར་ཕོར་ཐིའུ་ཀལ་ནས་་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འབད་བརྩོན་ཆེན་པོ་དང་། བློ་རྩ་བརྟན་པོ། སྤྲོ་སེམས་ཆེན་པོ་བཅས་ལ་བརྟེན་ནས། རྒྱལ་ཁབ་གཉིས་པོའི་ཡུན་རིང་བརྟན་ལྷིང་མཛའ་གྲོགས་ཀྱི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཅེས་ཡོད་ཆེས་བསྟན་ཡོད་པ་རེད།

ཉིན་དེ་རང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐ་དང་ཕན་ཚུན་རྟེན་འབྲེལ་ཞུ་འཕྲིན་གཏོང་རེས་གནང་ཡོད་པ་རེད། ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་འཕྲིན་ནང་། ཕོར་ཐིའུ་ཀལ་ནི་ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་ཕོར་ཐིའུ་ཀལ་གྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཡི་རངས་ཞུ་ཡི་ཡོད་ཅིང་། ཕོར་ཐིའུ་ཀལ་དང་མཉམ་དུ་ལག་གདང་སྦྲེལ་བ་དང་། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བ་གོ་སྐབས་སུ་བརྩིས་ནས། ཀྲུང་ཕོར་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཁོ་སི་ཐས་རྟེན་འབྲེལ་ཞུ་འཕྲིན་ནང་། ཕོར་ཐིའུ་ཀལ་གྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ། དེང་དུས་ཀྱི་འཛམ་གླིང་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།