ཝང་ཆི་ཧྲན་ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན། ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཝང་ཆི་ཧྲན་གྱིས། ལོ་ངོ་༤༠གོང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་མི་སྣས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་བརྩམས་ཏེ། སྤྱིར་བཏང་མིན་པའི་འཐབ་ཇུས་གཟིགས་ཀྱང་དང་ཕུལ་བྱུང་གི་ཆབ་སྲིད་བློ་སྟོབས་ཀྱི་ཐོག་ནས། ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་གནང་བ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལེའུ་གསར་པ་བརྩམས་གནང་ཡོད། ལོ་ངོ་༤༠དུས་ཚོད་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བས་དྲག་ཆར་རླུང་འཚུབ་ཀྱི་ཁྲོད་དུ་དཀའ་སྤྱད་མདུན་བསྐྱོད་བྱས་པས། སྐབས་དེའི་མི་རྣམས་ཀྱིས་ཚོད་དཔག་བྱེད་དཀའ་བའི་གྲུབ་འབྲས་ཐོབ་པ་དང་། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཆེན་པོ་བསྐྲུན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་ཅེས་གསུངས་ཡོད།

ཝང་ཆི་ཧྲན་གྱིས། ཉེ་བའི་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱི་མཇལ་འཛོམས་དང་། ཞལ་པར་བསྐྱོན་རེས་ལེགས་གྲུབ་བྱུང་བ་མ་ཟད། ཀྲུང་ཨའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བར་ཕན་ཚུན་རྟེན་འབྲེལ་ཞུ་བའི་ཕྱག་ཡིག་སྐུར་གནང་བ་དང་། ལོ་ངོ་༤༠རིང་གི་ཀྲུང་ཨའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་ཕྱིན་པར་གདེང་འཇོག་གང་ལེགས་གནང་ནས། ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བ་མུ་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཀྲུང་ཨའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་ངེས་པ་དང་། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱི་གཞི་རྩའི་ནང་དོན་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་པོར་ཕན་བདེ་དེ་བས་ཆེ་བ་བསྐྲུན་པ་དང་། གནམ་འོག་བདེ་ལ་འཁོད་རྒྱུར་འགན་འཁྲི་འཁྱེར་བ། ཕན་ཚུན་བརྩི་བཀུར་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་གྱི་རང་བདག་དབང་ཆ་དང་། བདེ་འཇགས། གོང་འཕེལ་དམིགས་འབེན་བཅས་ལ་བརྩི་བཀུར་ཞུ་བ། སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ནས་འགལ་ཟླར་ཐག་གཅོད་དང་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། དོན་དངོས་ཀྱི་འཕེལ་ཕྱོགས་གསར་པ་དང་མཐུན་པ་བྱས་ནས། ཁེ་ཕན་གྱི་འདྲེས་ཚིགས་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་རྒྱུ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བྱེད་དགོས། སྒོ་དབྱེ་ཁོག་ཡངས་ཀྱི་ཐོག་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤེལ་རེས་མཉམ་ལས་ཤུགས་ཆེར་གཏོང་རྒྱུའི་འདོད་འདུན་དང་མཐུན་པ་བྱེད་པ་དང་། ལས་རིགས་ཁག་གིས་སྤེལ་རེས་རྒྱ་སྐྱེད་བྱེད་རྒྱུར་དགའ་བསུ་གང་མང་བཞུས་ཏེ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་དང་སྤྱི་ཚོགས་རྨང་གཞི་སྔར་བས་སྲ་བརྟན་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཝང་ཆི་ཧྲན་གྱིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་ཕྱིན་ནའང་། ཀྲུང་གོའི་སྒྱུར་བཅོས་ཀྱི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་ལ། ཕྱི་ཕྱོགས་སུ་ཕྱེ་བའི་སྒོ་མོ་སྔར་བས་རྒྱ་ཆེར་གཏོང་སྲིད། ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་ཀྲུང་གོའི་གོང་འཕེལ་ཁྲོད་ནས་གོ་སྐབས་དང་ཁེ་ཕན་སྔར་ལས་ལྷག་པ་ཐོབ་ངེས་ཡིན་ཞེས་བསྟན་གནང་ཡོད།

ཨ་རིའི་ཙུང་ཐུང་ཟུར་པ་ཁ་ཐེས་བསྐུར་གནང་བའི་རྟེན་འབྲེལ་ཞུ་ཡིག་ནང་། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་དུ་མ་འོངས་གཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་དང་མིའི་རིགས་ཡོངས་ལ་ཕན་བདེ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།

ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་པུ་ལན་སི་ཐ་ཏེ་དང་། ཀྲུང་ཨའི་ལས་རིགས་ཁག་གི་མི་སྣ་༣༠༠ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།