ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་1པོའི་ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཁེ་ལས་ཆུང་གྲས་ལ་དམིགས་པའི་གཟིགས་སྐྱོང་རང་བཞིན་གྱི་དཔྱ་ཁྲལ་ཉུང་གཏོང་བྱ་ཐབས་ཁག་ཅིག་སླར་ཡང་འདོན་རྒྱུའི་གཏན་འབེབས་བྱས་པ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་འགྲེམས་སྤེལ་མགྱོགས་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་བཀོད་སྒྲིག འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་དང་དེ་བཞིན་ཞན་ཆ་ཁ་གསབ་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་འཛད་སྤྱོད་རྒྱ་བསྐྱེད་བྱ་རྒྱུར་སྐུལ་ཁྲིད། ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་གྱི་གནས་ཚུལ་སྙན་སེང་གསན་ནས། གླ་ཕོགས་ཆད་འགྱངས་དང་གཏོང་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་གནང་ཡོད།

གྲོས་ཚོགས་ཐོག ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ད་ལོའི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་ཁམས་ནང་རྒྱུན་འཁྱོངས་ཐུབ་པ་བྱས་ནས། དུས་ཚིགས་དང་པོའི་ནང་བརྟན་པོའི་ངང་འགོ་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པས། ངེས་པར་དུ་བྱ་ཐབས་མང་པོ་མཉམ་དུ་བཟུང་དགོས། ཁེ་ལས་ཆུང་གྲས་ཀྱི་འབྲེལ་བ་གོང་འཕེལ་ཡག་པོ་གཏོང་རྒྱུ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་དང་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས་ཞེས་བསྟན་པ་དང་། གྲོས་ཚོགས་ཐོག ཁེ་ལས་ཆུང་གྲས་ལ་དམིགས་ནས་གཟིགས་སྐྱོང་རང་བཞིན་གྱི་དཔྱ་ཁྲལ་ཉུང་གཏོང་བྱ་ཐབས་གསར་པ་འདོན་རྒྱུའི་གཏན་འབེབས་བྱས་ཡོད། དེ་ཡང་དང་པོ་ནི་ཐོབ་ཁྲལ་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་པའི་ཁེ་སྤོག་ཆུང་ཙག་གི་ཁེ་ལས་ཀྱི་ཚད་གཞི་ཆེས་ཆེར་ལྷུག་ཏུ་བཏང་ནས། ལོ་དེའི་ནང་ཐོབ་ཁྲལ་འཇལ་ཚད་ས་ཡ་གཅིག་དང་། ས་ཡ་གཅིག་ནས་ས་ཡ་གསུམ་བར་ནས་མ་བརྒལ་བ་རྣམས་ཁག་སོ་སོར་བརྒྱ་ཆ་25དང་བརྒྱ་ཆ་50འི་ཐོག་ནས། འཇལ་དགོས་པའི་ཐོབ་ཁྲལ་བསྡོམས་འབོར་ནང་བརྩིས་ཏེ་དཔྱད་ཁྲལ་གྱི་ཁུར་པོ་བརྒྱ་ཆ་5དང་བརྒྱ་ཆ་10བར་གཅོག་རྒྱུུ་ཡིན་པ་རེད། གཟིགས་སྐྱོང་སྲིད་ཇུས་དེ་བརྒྱ་ཆ་95ཡན་གྱི་ཁྲལ་འཇལ་ཁེ་ལས་ལ་ཁྱབ་རྒྱུ་དང་། དེའི་ནང་ནས་བརྒྱ་ཆ་98ནི་དམངས་གཉེར་ཁེ་ལས་ཡིན་པ་རེད། གཉིས་པ་ནི་གཙོ་བོ་ཁེ་ལས་ཆུང་གྲས་དང་སྒེར་གྱི་བཟོ་ཚོང་ཐེམ་དུད། དེ་བཞིན་མི་སྒེར་གྱི་གཞི་ཁྱོན་ཆུང་བའི་དཔྱ་ཁྲལ་འཇལ་མཁན་ལ་དམིགས་ཏེ། གནས་འཕར་དཔྱད་ཁྲལ་གྱི་ཚད་གཞི་དེ་ཟླ་རེའི་ཕྱིར་འཚོང་བསྡོམས་འབོར་སྒོར་གསུམ་ཁྲི་ཡིན་པ་ནས་སྒོར་ཆིག་འབུམ་བར་མཐོ་རུ་གཏོང་རྒྱུ། གསུམ་པ་ནི། ཞིང་ལྗོངས་དང་གྲོང་ཁྱེར་ཁག་གིས་གནས་འཕར་དཔྱད་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མི་སྣས། བརྒྱ་ཆ་ལྔ་བཅུའི་ཚད་གཞིའི་ནང་ཐོན་ཁུངས་དཔྱ་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། རིས་སྦྱར་དཔྱ་ཁྲལ། གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་དཔྱད་ཁྲལ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་སོགས་ས་གནས་ཁྲལ་རིགས་དང་སློབ་གསོའི་འགྲོ་གྲོན་ཟུར་སྣོན་སོགས་ཉུང་དུ་གཏོང་ཆོག་པ། བཞི་པ་ནི་མ་འཇོག་གསར་སྐྲུན་བྱས་པའི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱིས་གཟུགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ནས། ཁེ་ལས་དེ་རིགས་ལ་ཕྱོགས་པའི་གསར་སྐྲུན་མ་འཇོག་ཁེ་ལས་དང་ཐན་ཧྲི་མ་འཇོག་བྱེད་མཁན་མི་སྒེར་ལ་ཁྲལ་བསྡུའི་གཟུགས་སྐྱོང་སྔར་བས་མང་བ་ཡོད་པ། ལྔ་པ་ནི་དཔྱ་ཁྲལ་ཉུང་དུ་བཏང་བ་དང་འགྲོ་གྲོན་བཅག་པ་ལས་བྱུང་བའི་ས་གནས་ཀྱི་ནོར་ཤུགས་མི་འདང་ས་ཁ་གསབ་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་སྤྱིར་བཏང་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་བྱ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད། གོང་གསལ་གྱི་དཔྱད་ཁྲལ་ཉུང་གཏོང་སྲིད་ཇུས་དེ་ད་ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་འགོ་ཚུགས་པ་དང་། ལག་བསྟར་བྱེད་པའི་དུས་ཡུན་གནས་སྐབས་རིང་ལོ་གསུམ་ལ་གཏན་འཁེལ་བྱས་པ། སྔོན་དཔག་བྱས་ན་ལོ་རེར་སླར་ཡང་ཁེ་ལས་ཆུང་གྲས་ཀྱི་འཁུར་པོ་སྒོར་དུང་ཕྱུར་2000ཙམ་ཡང་དུ་གཏོང་ཐུབ་བཟོ་ཡོད་པ་རེད།

གྲོས་ཚོགས་ཐོག ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་དགོས་ཤིང་། ས་གནས་ཁག་གིས་སྔོན་ལ་སྲིད་གཞུང་མ་འཇོག་རྣམ་གྲངས་རྐྱེན་པས་གླ་ཆ་ཆད་འགྱངས་བྱས་པའི་ཆད་དངུལ་གཙང་འཇལ་བྱེད་དགོས་པ། ཁེ་ལས་གྱིས་གླ་ཆ་ཆད་འགྱངས་བྱས་པར་དམིགས་ཏེ། དུས་བཀག་བཟོས་ནས་ཐག་གཅོད་བྱེད་དགོས་པའི་བཀའ་བཏང་བ་དང་། དུས་བཀག་ཟིན་ནའང་གླ་ཕོགས་མ་སྤྲད་ཚེ་ཁྲིམས་ལྟར་ཆད་པ་ནན་པོ་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།