ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

སྤྱི་ཟླ་༡པོའི་ཚེས་༨ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་དེར་པེ་ཅིང་དུ་ཕེབས་འབྱོར་ཟིན་ནས་ཀྲུང་གོར་འཚམས་འདྲི་གནང་མཁན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ནས་མཛའ་བརྩེ་ཐུགས་སྣང་གཤིན་པོའི་རྣམ་པའི་ཁྲོད་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་དང་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་པོས་མགྲིན་དབྱངས་གཅིག་གྱུར་ངང་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་དེ་དུས་སྐབས་གསར་པར་གོང་འཕེལ་གསར་པ་ཟམ་མི་ཆད་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་པ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། བློ་མཐུན་ཨུ་ཡོན་ཀྲང་ནས་སྤྱི་ལོ་༢༠༡༩ལོའི་ལོ་གསར་པ་ཤར་བ་དང་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་སྐབས་སུ་ཀྲུང་གོར་འཚམས་འདྲི་གནང་བ་དེའི་ཐོག་ནས་བློ་མཐུན་ཨུ་ཡོན་ཀྲང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་ལ་མཐོང་ཆེན་པོ་གནང་བ་དང་། ཀྲུང་གོའི་ཏང་དང་མི་དམངས་ལ་མཛའ་གྲོགས་བཟང་པོ་བཅངས་གནང་བ་གང་ལེགས་མངོན་ཡོད། ང་རང་ནས་དོན་དེར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ཏེ། བྱང་ཁོ་རེ་ཡའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་དག་པའི་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་སྤྱི་ལོ་༢༠༡༨ལོར་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་ཐད་ལོ་རྒྱུས་ཀྱི་ལེའུ་གསར་པ་བཏོད་ཡོད། ཕྱོགས་གཉིས་པོས་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡས་ཐུན་མོང་ཐོག་ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་བློ་སྟོབས་མངོན་ཡོད། ད་ལོ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཏེ་ལོ་ངོ་༧༠འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་གོང་འཕེལ་ལ་སྔར་སོང་རྒྱུན་འཛིན་དང་མ་འོང་གསར་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་རང་ནས་བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་ལ་སྣེ་ཁྲིད་ཡག་པོ་བྱ་རྒྱུ་དང་། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། འཐབ་ཇུས་འབྲེལ་མཐུད་ཤུགས་ཆེར་གཏོང་བ། མཛའ་གྲོགས་སྤེལ་རེས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཅིན་ཀྲེང་ཨེན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སྟོད་དུ་མཛད་བྲེལ་ཆེ་ཡང་ང་ཚོས་ཀྲུང་གོར་འཚམས་འདྲི་ཞུས་པར་སྣེ་ལེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བྱང་ཁོ་རེ་ཡའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་མཛའ་བརྩེའི་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་བཞེས་འོག་ན་ནིང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པའི་ཐོག་སླེབས་པ་དང་ལེའུ་གསར་པ་བཏོད་ཡོད། ང་རང་ནས་ད་ཐེངས་ཀྲུང་གོར་འཚམས་འདྲི་ཞུས་ཏེ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཏེ་ལོ་ངོ་༧༠འཁོར་བ་གོ་སྐབས་ལ་བརྩིས་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱེད་པ། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་ཉིན་རེ་བཞིན་སྲ་བརྟན་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་བ་བཅངས་ཡོད་ཅེས་གསུངས་པ་རེད།

ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་སྐོར་ལ། བྱང་ཁོ་རེ་ཡས་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་དང་། ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་ཆེད་བཟུང་བའི་དགེ་མཚན་ལྡན་པའི་བྱ་ཐབས་ལ་ཞི་ཅིན་ཕིང་གིས་གདེང་འཇོག་ཡག་པོ་གནང་བ་དང་། ཁོང་གིས། ན་ནིང་ཀྲུང་གོ་དང་བྱང་ཁོ་རེ་ཡ། དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཐད་འཕེལ་རིམ་གལ་ཆེན་ཐོན་ཡོད། མིག་སྔའི་ཆར། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བའི་སྐད་ཆ་ཤོད་རེས་ཀྱི་འཕེལ་ཕྱོགས་ཆེན་པོ་གཞི་རྩའི་ཆ་ནས་བསྒྲུབས་ཟིན་ཡོད། མུ་མཐུད་ནས་གྲོས་མོལ་བྱ་རྒྱུ་དང་གྲོས་མོལ་བྱས་པར་གྲུབ་འབྲས་ཐོབ་པ་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཐོག་རེ་སྒུག་བྱེད་པ་དང་ཐུན་མོང་གི་ངོས་འཛིན་ལ་གྱུར་ཡོད། ཆབ་སྲིད་ཐོག་ནས་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་པར་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་འཕྲད་ཡོད་ཅེས་དང་། ཀྲུང་གོས་བྱང་ཁོ་རེ་ཡའི་ཕྱོགས་ནས་ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་བྱེད་པའི་ཁ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ལྷོ་བྱང་ཁོ་རེ་ཡས་རྒྱུན་མཐུད་འབྲེལ་བ་ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། བྱང་ཁོ་རེ་ཡ་དང་ཨ་རིའི་ཕྱོགས་ནས་འགོ་གཙོའི་ཐུག་འཕྲད་བྱ་རྒྱུ་མ་ཟད་གྲུབ་འབྲས་ཐོབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། འབྲེལ་ཡོད་ཕྱོགས་ནས་སྐད་ཆ་ཤོད་རེས་ཀྱི་རྣམ་པའི་ཐོག་ནས་རང་ངོས་ཀྱི་ལུགས་དང་མཐུན་པའི་དོ་ཁུར་བྱ་ཡུལ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། བྱང་ཁོ་རེ་ཡ་དང་ཨ་རིས་ཁ་ཕྱོགས་གཅིག་ལ་དམིགས་ནས་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡ་དང་དེ་བཞིན་འབྲེལ་ཡོད་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་། ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་བ། ས་ཁུལ་གྱི་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཅིན་ཀྲེང་ཨེན་གྱིས། ན་ནིང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ཅུང་ཞི་ལྷོད་དུ་ཕྱིན་ཡོད། ཀྲུང་གོས་དོན་དེའི་ཐད་ནུས་པ་གལ་ཆེན་བཏོན་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། བྱང་ཁོ་རེ་ཡའི་ཕྱོགས་ནས་དེར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་མ་ཟད་ལྷག་བསམ་དག་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱང་ཁོ་རེ་ཡའི་ཕྱོགས་ནས་མུ་མཐུད་རྡུལ་ཉིང་མེད་པ་ཅན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། སྐད་ཆ་ཤོད་རེས་བྱེད་པ་བརྒྱུད་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱས་ཏེ། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་གཉིས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དགའ་མོས་བྱེད་པའི་གྲུབ་འབྲས་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། བྱང་ཁོ་རེ་ཡའི་ལུགས་དང་མཐུན་པའི་དོ་ཁུར་ལ་འབྲེལ་ཡོད་ཕྱོགས་ཁག་ནས་མཐོང་ཆེན་བྱེད་པ་མ་ཟད་ལན་ཆ་ཧུར་ཐག་བྱས་ཏེ། ཕྱེད་གླིང་ཕྲན་གྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཕྱོགས་གཉིས་པོས་རང་སོ་སོའི་རྒྱལ་ནང་གི་དུས་བབ་བརྡ་ཁྱབ་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན། ལོ་ངོ་བདུན་ཅུའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱས་ནས་ཡར་ལངས་པ་དང་། འབྱོར་ཕྱུག་ཕྱོགས་སུ་སྐྱོད་པ། སྟོབས་ཇེ་ཆེར་འགྲོ་བ་བཅས་ཀྱི་ལོ་རྒྱུས་འཕུར་མཆོངས་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པའི་ཆོད་སེམས་ཡོད་ལ་སེམས་ཤུགས་ཀྱང་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དཔའ་ངར་ཆེར་བསྐྱེད་ངང་མདུན་བསྐྱོད་བྱ་རྒྱུ་རེད། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གིས་འཐབ་ཇུས་གསར་པའི་ལམ་ཕྱོགས་ལག་བསྟར་བྱས་ནས་ལོ་ངོ་གཅིག་ལྷག་སོང་རིང་། དགེ་མཚན་ལྡན་པའི་གྲུབ་འབྲས་མི་ཉུང་བ་ཐོབ་ཡོད་པ་དང་། བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱིས་ཞི་བདེར་དགའ་འབོད་དང་། འཕེལ་རྒྱས་འཚོལ་ཐབས་བྱེད་པའི་འདོད་འདུན་ཆེན་པོ་མངོན་ཡོད་པས། བྱང་ཁོ་རེ་ཡའི་མི་དམངས་ཀྱི་ལྷག་བསམ་དག་པའི་བརྩི་བཀུར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པའི་གདེང་འཇོག་ཐོབ་ཡོད། ཀྲུང་གོའི་ཕྱོགས་ནས་བློ་མཐུན་ཨུ་ཡོན་ཀྲང་ནས་བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱིས་འཐབ་ཇུས་གསར་པའི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་སྟོབས་ཤུགས་ཡོད་ཚད་གཅིག་སྡུད་བྱེད་པ་བརྒྱུད། བྱང་ཁོ་རེ་ཡའི་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ནང་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུར་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཅིན་ཀྲེང་ཨེན་གྱིས། འདས་པའི་ལོ་གཅིག་ནང་། ང་རང་ནས་ཀྲུང་གོར་འཚམས་འདྲི་ཐེངས་བཞི་ཞུས་པ་ཡིན། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ཀྲུང་གོའི་མི་དམངས་ཀྱིས་འབད་འབུངས་ཆེ་སྐྱེད་ཀྱི་བསམ་པའི་གནས་སྟངས་ལ་བག་ཆགས་ཟབ་མོ་བྱུང་། བྱང་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ནི་རྩ་ཧ་ཅང་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་ས་ཡུལ་དངོས་ལ་རྟོག་ཞིབ་དང་སྤེལ་རེས་བྱ་རྒྱུར་མང་ཙམ་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་མི་དམངས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ནས་སྲོག་ཤིང་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་གྲུབ་འབྲས་རླབས་པོ་ཆེ་གསར་པ་ཟམ་མི་ཆད་པར་གཏོད་པ་བརྒྱུད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཡིད་ཆེས་ཡོད། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གིས་བྱང་ཁོ་རེ་ཡའི་མི་དམངས་ཀྱིས་འཐབ་ཇུས་གསར་པའི་ལམ་ཕྱོགས་མུ་མཐུད་ནས་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱེད་པ་མ་ཟད། དེའི་ཆེད་དུ་ཕྱི་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཅིན་ཀྲེན་ཨེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

མཇལ་མོལ་གནང་བསྒྲུབས་རྗེས། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཅིན་ཀྲེན་ཨེན་དང་ཁོང་གི་སྐུ་ཟླ་ལི་ཞོལ་ཀྲུའུ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་མ་ཟད་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་ཡོད།

སྤྱི་ཚེས་༩ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་པེ་ཅིང་མགྲོན་ཁང་དུ་ཅིན་ཀྲེན་ཨེན་དང་མཇལ་འཛོམས་གནང་ཡོད། ཞི་ཅིན་ཕིང་གིས་ཅིན་ཀྲེན་ཨེན་ནས་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ལ་ཕྱིར་དྲན་གནང་ཞོར། ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲིད་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན། གོང་འཕེལ་ཡག་པོ་བཅས་གཏོང་འདོད་ལ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། གོང་འཕེལ། དར་རྒྱས་བཅས་ཀྱི་ཐད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་ཡོད།

ཅིན་ཀྲེན་ཨེན་གྱིས། བྱང་ཁོ་རེ་ཡས་ཀྲུང་གོའི་བར་གྱི་འབྲེལ་བའི་གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་ལྷན་དུ་ཕྱོགས་གཉིས་པོའི་བར་བྱུང་བའི་ཐོན་མོང་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་གྱི་སྐུ་ཟླ་ལི་ཞོལ་ཀྲུའུ་རྣམ་གཉིས་ཀྱང་མཇལ་འཛོམས་ནང་ཞུགས་ཡོད།

མཇལ་མོལ་གནང་བསྒྲུབས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྟངས་དཔྱལ་ནས་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་སྟངས་དཔྱལ་ལ་དགུང་ཚིགས་བཤམས་ཡོད་པ་རེད།

སྤྱི་ཚེས་༩ཉིན། ཅིན་ཀྲེན་ཨེན་ནས་ད་དུང་པེ་ཅིང་ཐུང་རེན་ཐང་མ་རྐང་ཚད་ཡོད་ཀུང་སིའི་ཐུང་རེན་ཐང་སྨན་བཟོ་གྲྭའི་དབྱི་ཀྲོང་ཡན་ལག་བཟོ་གྲྭར་གཟིགས་སྐོར་དུ་ཕེབས་ནས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཅན་གྱི་ཀྲུང་ལུགས་སྨན་རྫས་ལས་སྣོན་དང་ཐོན་སྐྱེད་བྱེད་པའི་ཐད་རྟོག་ཞིབ་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན་ཏིང་ཤོལ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཡང་ཅེ་ཁྲེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀོ་ཧྲེང་ཁུན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྤྱི་པུའུ་ཡི་པུའུ་ཀྲང་ལི་ཀྲུའུ་ཡུང་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཅིན་དབྱིང་ཀྲེ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་ཕེའོ་ཐའེ་ཁྲེང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཕྱི་དོན་བློན་ཆེན་ལི་ཡུང་ཧའོ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྗེས་སྣོན་ཨུ་ཡོན། མི་དམངས་དྲག་ཤུགས་བློན་ཆེན་ནུའུ་ཀོང་ཐེ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྗེས་སྣོན་ཨུ་ཡོན། དྲིལ་བསྒྲགས་སྐུལ་སློང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཅིན་ཡུལ་ཀྲེང་སོགས་ནས་ཅིན་ཀྲེང་ཨེན་ལ་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ཞུས་པ་མ་ཟད་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ། བསྟན་འཛིན་འཇམ་དཔལ། བྱམས་པ་ཚེ་རིང་།