ཧན་ཀྲེང་གིས་རྒྱལ་ཁབ་ནུས་ཁུངས་ཅུད་དུ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་རྒྱལ་ཁབ་ནུས་ཁུངས་ཅུད་དུ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཧན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་པ་ནན་ཏན་སྒོ་ནས་སློབ་སྦྱོང་ལག་བསྟར་བྱེད་དགོས་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ནུས་ཁུངས་ཁྱབ་ཁོངས་ཀྱི་གལ་ཆེའི་ལས་འགན་ལ་དོ་ཁུར་བྱེད་པ། དཀའ་ངལ་ཁྱད་བསད་དང་།་ལས་དོན་ཏན་ཏིག་སྒྲུབ་པ། རྒྱལ་ཁབ་ནུས་ཁུངས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། སྤུས་ཚད་མཐོ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཧན་ཀྲེང་གིས། ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོ་དང་འབྲེལ་བ་ཡོད། དུས་ཡུན་རིང་འབྲིང་གི་ནུས་ཁུངས་དགོས་མཁོའི་འཕེལ་ཕྱོགས་ལ་གཞིགས་པ་དང་། གལ་ཆེའི་རྣམ་གྲངས་དང་བྱ་ཐབས་གལ་ཆེན་ལག་བསྟར་གང་མགྱོགས་བྱེད་པ། སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་རླངས་ཀྱི་ཐོན་རྫས་མཁོ་འདོན་དང་ཉར་ཚགས་ཕྱིར་འཚོང་གི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྟན་པོ་མཁོ་འདོན་བྱེད་པ། སྣུམ་རླངས་མཁོ་འདོན་གྱི་འགན་ལེན་ནུས་པ་ཤུགས་ཆེར་གཏོང་དགོས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཚུལ་ལ་གཞིགས་ནས་རིག་གཞུང་དང་ལག་ལེན་གྱི་གསར་བསྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཐེག་པའི་ས་ཁོངས་དང་ནུས་ཁུངས་ཟད་གྲོན་ཁྱབ་ཁོངས་ཀྱི་དོ་སྙོམས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་པ། ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་བའི་ཆ་གསབ་སྣོན་བྱས་ནས། གློག་ཤུགས་དང་རྡོ་སོལ་ཁྱབ་ཁོངས་ཀྱི་དུས་མཚམས་རང་བཞིན་གྱི་འདོན་སྤྲོད་དང་དགོས་མཁོའི་འགན་ཟླ་ནུས་ལྡན་ངང་སེལ་དགོས། བློ་བརྟན་འགྱུར་མེད་སྒོ་ནས་ནུས་ཁུངས་གསར་པའི་ལག་རྩལ་གསར་པ་གོང་འཕེལ་གཏོང་དགོས་པ་དང་། དྭངས་གཙང་ནུས་ཁུངས་ཤུགས་ཆེན་སྒོ་ནས་གོང་འཕེལ་གཏོང་བ། སྔོན་ཐོན་གྱི་ནུས་ཁུངས་ཉར་ཚགས་སོགས་འཐབ་ཇུས་རང་བཞིན་གྱི་མདུན་གྲལ་ལག་རྩལ་དུས་བཀག་གོང་བཀོད་སྒྲིག་དང་ཞིབ་འཇུག་བྱ་དགོས། ནུས་ཁུངས་གསར་པའི་རླངས་འཁོར་གྱི་རྒྱུན་མཐུད་སྐྱོན་བྲལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་འགག་རྩ་ཡིན་ལ་གལ་ཆེན་ལག་རྩལ་གྱི་སྒྲིག་ཆས་ཁག་ཅིག་འགག་གཏོར་ཐུབ་པ་བྱེད་དགོས། སྣུམ་རླངས་སྒྲིག་གཞི་སྒྱུར་བཅོས་དེ་བརྟན་པོའི་སྒོ་ནས་མདུན་དུ་བསྐྱོད་དགོས། འགོག་ཤུགས་མཐའ་གཅིག་ཏུ་གཏོར་ཐུབ་པ་དང་། འགོག་རྐྱེན་དང་དཀའ་གནད་མཐའ་གཅིག་ཏུ་སེལ་ཏེ། ཚན་རིག་གི་འཁོར་རྒྱུག་སྒྲིག་གཞི་དང་སྲིད་ཇུས་ཀྱི་མ་ལག་སྐྲུན་དགོས། རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་སྤྱིའི་ནུས་ཁུངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གལ་ཆེའི་རྣམ་གྲངས་ཀྱི་འཛུགས་བསྐྲུན་ཧུར་ཐག་སྒོ་ནས་སྐུལ་འདེད་གཏོང་དགོས། ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། བློ་དཀར་སྤྱོད་གཙང་དང་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། ལས་བྱེད་པའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་དང་། ཁོང་གིས། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར། ནུས་ཁོངས་ཀྱི་འདོན་སྤྲོད་དང་མཁོ་འདོན་གྱི་འགུལ་ནུས་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། བཀོད་སྒྲིག་དང་སྒྲིག་འཛུགས་ ཞིབ་ཚགས་བྱེད་པ། ཁེ་ལས་དང་ས་གནས་ཀྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། རྡོ་སོལ་དང་། གློག་ཤུགས། སྣུམ་རླངས་སོགས་ཀྱི་ནུས་ཁུངས་ཐོན་སྐྱེད་མཁོ་འདོན་གྱི་འགན་ལེན་ལས་ཀ་ཡག་པོ་བྱེད་དགོས་པ་དང་། སོལ་རླངས་དཀོན་པའི་གནས་ཚུལ་སྔོན་འགོག་བྱེད་པ། གཙོ་གནད་འབུར་དུ་ཐོན་པའི་ངང་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་དམ་འཛིན་ཡག་པོ་བྱས་པ་དང་། ཚབས་ཆེའི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་དང་རྐྔ་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་རྣམས་བདེ་ཞིང་སྤྲོ་བའི་དཔྱིད་གསར་དུས་ཆེན་གཏོང་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།