ལི་ཁེ་ཆང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐོག་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚེས་༩ཉིན་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོང་འཚོགས་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་འདུག

མཆན་བཀོད་མཛུབ་སྟོན་ནང་། བདེ་འཇགས་ཐོན་སྐྱེད་ལས་དོན་ནི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་སྒོ་ནས་གོང་འཕེལ་གཏོང་རྒྱུ་འགན་ལེན་བྱེད་པ་དང་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་དོན་ཆེན་ཞིག་རེད། སྤྱི་ལོ་༢༠༡༨ལོར་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག ལས་ཁུངས་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དོ་ནན་བྱས་པ། ཚབས་ཆེའི་བདེ་འཇགས་ཐོན་སྐྱེད་དོན་གཞིར་དོགས་ཟོན་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཞིང་གྲུབ་འབྲས་ནི་ལས་སླ་པོ་ཐོབ་པ་ཞིག་མིན་པས་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཚེ་སྲོག་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཚབས་ཆེའི་བདེ་འཇགས་ཉེན་ཁ་འགོག་སྲུང་དང་མེད་པ་བཟོ་བ། སེམས་ཐག་གཙང་ཅད་ཀྱིས་ཚབས་ཆེའི་དོན་རྐྱེན་བཀག་འགོག་བྱེད་རྒྱུ་གཙོ་གནད་དུ་འཇོག་པ། བབ་བསྟུན་ཁ་གཏད་གཅོག་ཐབས་དང་བཀོད་ཇུས། བཀོད་འདོམས་སྒྲིག་གཞི་བཅས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ལམ་འགྲིམ་འགྲུལ་དང་རྗས་འགྱུར་བཟོ་ལས་སོགས་གཙོ་གནས་ལས་རིགས་དང་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་འཐེན་བཤེར་དང་མེད་པ་བཟོ་བ། གནོད་འགོག་འགེགས་སེལ་གནོད་སེལ་ནུས་པ་ཏན་ཏིག་ངང་མཐོ་རུ་གཏོང་བ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཟུགས་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་འདུག རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡོང་དང་ཀྲའོ་ཁེ་ཀྲེ་གྲོས་ཚོགས་ལ་ཞུགས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།