ཞི་ཅིན་ཕིང་གིས་སེ་ཕེན་དང་ཨ་ཀེན་ཐེན། ཕ་ན་མ། ཕོར་ཐིའུ་ཀལ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་གནང་རྗེས་ཕྱིར་པེ་ཅིན་དུ་ཕེབས་པ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་༡༢པའི་ཚེས་༦ཉིན། སེ་ཕེན་དང་ཨ་ཀེན་ཐེན། ཕ་ན་མ། ཕོར་ཐིའུ་ཀལ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་གནང་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕྱིར་པེ་ཅིན་དུ་ཕེབས་གནང་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིན་གྱི་ཀྲུའུ་རེན་ཏིང་ཞོ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་སོགས་འགྲོ་རོགས་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་ཡོད་པ་རེད།

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༥ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལི་སི་པོན་དང་ཞལ་གྱེས་ནས་ཕྱིར་རྒྱལ་ནང་དུ་ལོག་འགོ་བརྩམས་པ་རེད། ཕོར་ཐིའུ་ཀལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ཝ་སོགས་གནམ་གྲུ་འབབ་ཚུགས་སུ་སྐྱེལ་མ་ཞུ་བར་བཅར་བ་རེད། ཆེད་གཏོང་གནམ་གྲུ་ཕོར་ཐིའུ་ཀལ་གྱི་མཁའ་ཁོངས་ནས་ཁ་མ་གྱེས་བར་དུ། ཕོར་ཐིའུ་ཀལ་གྱི་མཁའ་དམག་དམག་འཐབ་གནམ་གྲུ་གཉིས་ཀྱིས་སྲུང་སྐྱེལ་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་འཚོ།