ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྲོས་ཚོགས་ཀྱི་གྲོས་དཔོན་ལོ་ཏི་ལི་ཀི་སི་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༢པའི་ཚེས་༥ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་སི་པོན་དུ་ཕོར་ཐིའུ་ཀལ་གྲོས་ཚོགས་ཀྱི་གྲོས་དཔོན་ལོ་ཏི་ལི་ཀི་སི་དང་མཇལ་འཕྲད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཕོར་ཐིའུ་ཀལ་ནི་ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ་ཡིན། སྤྱི་ལོ་༡༩༩༩ལོར། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱིས་ཨོ་མོན་གནད་དོན་ཐག་གཅོད་འོས་འཚམས་བྱས་པས། རྒྱལ་སྤྱིའི་སྟེང་དུ་མཛའ་མཐུན་གྲོས་མོལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་དཔེ་མཚོན་བཏོད་ཡོད་ཅིང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་འབྲེལ་བ་དུས་རབས་གསར་བའི་ནང་གོང་འཕེལ་ཡོང་བར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཀྱི་རྨང་གཞི་ཡང་བཏིང་བ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ལ་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཕོར་ཐིའུ་ཀལ་གྱི་གྲོས་ཚོགས་དང་ལྷན་དུ་སྤེལ་རེས་དམ་ཟབ་སྤེལ་བ་དང་། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཁྲིམས་འཛུགས་ལྟ་སྐུལ་དང་། རྒྱལ་སྐྱོང་སྲིད་གཉེར། རྒྱལ་ཇུས་དམངས་འཚོ་སོགས་གྲོས་གཞི་གལ་ཆེན་གྱི་ཐད་དུ་ཕན་ཚུན་སློབ་སྦྱོང་དང་དཔེ་བལྟ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་པ་དང་། ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་བཅོས་སུ་བཏང་སྟེ། ཕ་རོལ་བོའི་མ་འཇོག་ཁེ་ལས་དང་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་རྩ་འཛུགས་ཀྱི་ཁྲོད་དུ་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་རྒྱུ་ཤུགས་སྣོན་རྒྱབ་ཏེ། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་ཡོང་བ་བཅས་ལ་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོའི་གོང་འཕེལ་གྱི་ལམ་བུ་ནི་སྔོན་བྱུང་མ་མྱོང་བའི་ལམ་བུ་ཞིག་ཡིན་ལ། དུས་བསྟུན་ཡར་རྒྱས་སུ་འགྲོ་བའི་ལམ་བུ་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་དུང་ཕྱུར་༡༤་ལ་ཉེ་བ་ཙམ་གྱིས་མཉམ་དུ་བདམས་པའི་ལམ་བུ་ཞིག་ཡིན། ད་ལོ་ནི་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་ལོ་ཡིན། ཀྲུང་གོས་མུ་མཐུད་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ། རིམ་པ་སྔར་བས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་བཞིན་ཡོད། འདི་ཡིས་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པར་གནས་བབ་གསར་བ་ཞིག་གི་སྒོ་འབྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་ལའང་གོ་སྐབས་གསར་བ་འཕྲད་ངེས་ཞེས་བསྟན་གནང་ཡོད་པ་རེད།

ལོ་ཏི་ལི་ཀི་སི་ཡིས། ཕོར་ཐིའུ་ཀལ་གྲོས་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་མཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚམས་འདྲི་ཡིས་ཕོར་ཐིའུ་ཀལ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་བོ་མངོན་ཡོད། ཀྲུང་གོ་ནི་ཕོར་ཐིའུ་ཀལ་གྱི་ཉོ་ཚོང་རོགས་ཟླ་གཙོ་བོ་ཡིན། ཕྱོགས་གཉིས་ཚང་མས་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་བཟུང་ཡོད། ཕོར་ཐིའུ་ཀལ་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་པ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་པ་དེ་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བོ་རུ་བསྒྱུར་ཏེ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་ཐད་སྤེལ་རེས་མཉམ་ལས་བྱེད་རྒྱུ་རྒྱ་སྐྱེད་གཏོང་ཐུབ་པའི་རེ་བ་ཡོད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱུད་གཅིག་ལམ་གཅིག་གི་ཡོ་རོབ་ཀྱི་ལྟེ་གནས་ཤིག་ཏུ་འགྱུར་བ་བྱས་ཀྱང་ཆོག། ཕོར་ཐུ་ཀལ་གྲོས་ཚོགས་ཀྱིས་ཕོར་ཐིའུ་ཀལ་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་དུ་སྤེལ་བར་འབད་པ་བྱེད་བཞིན་ཡོད་པ་དང་། སང་ལོའི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་ བཙུགས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ནང་ཞུགས་ཏེ། ཕོར་ཐིའུ་ཀལ་དང་ཀྲུང་གོའི་མཛའ་བཤེས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་དང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ལྷན་དུ་གྲུབ་འབྲས་ཀྱིས་ཕྱུག་པའི་སྐད་ཆ་ཤོད་རེས་དང་འགྲོ་འོང་བྱེད་རྒྱུ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

མཇལ་འཕྲད་མ་གནང་གོང་། ལོ་ཏི་ལི་ཀི་སི་ཡིས་གྲོས་ཚོགས་ཐོག་ཁང་གི་མདུན་དུ་མཛད་སྒོ་གཟབ་རྒྱས་གཉེར་ཏེ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུས་ཡོད་པ་རེད། རོལ་ཚོགས་ཀྱིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གིས་ལོ་ཏི་ལི་ཀི་སི་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་འཚོ།