ཞི་ཅིན་ཕིང་གིས་ཕོར་ཐེའུ་ཀལ་གྱི་ཙུང་ལི་ཁཱོ་སཱི་ཐཱ་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ལི་སི་པེན་དུ་ཕོར་ཐེའུ་ཀལ་གྱི་ཙུང་ལི་ཁཱོ་སཱི་ཐཱ་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་ཙུང་ལི་ཕྱོགས་ནས་ལོ་ངོ་གཉིས་གོང་དུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་ཚུན་ང་ཚོའི་བར་བྱུང་བའི་ཐུན་མོང་ངོས་འཛིན་མང་པོ་མཉམ་ལས་ཀྱི་གྲུབ་འབྲས་སུ་གྱུར་བ་དང་། ཀྲུང་གོ་དང་ཕོར་ཐེའུ་ཀལ་གྱི་ཕྱོགས་གཉིས་ཉོ་ཚོང་གྱི་འཕེལ་ཕྱོགས་ཀྱང་བཟང་དུ་སོང་བའི་ཁར། གཙོ་གནད་ཁྱབ་ཁོངས་མང་པོར་མ་འཇོག་དང་མཉམ་ལས་བྱ་རྒྱུར་ཡང་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད། ཀྲུང་གོ་དང་ཕོར་ཐེའུ་ཀལ་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་པ་མ་ཟད་གོང་འཕེལ་གྱི་གོ་སྐབས་གསར་པའང་མང་པོ་འཕྲད་ཡོད། ཀྲུང་གོས་ཕོར་ཐེའུ་ཀལ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། གོམ་སྟབས་རྗེས་མར། ཕྱོགས་གཉིས་པོས་མཐོ་རིམ་བར་གྱི་འགྲོ་འོང་དང་རིམ་ཁག་ཚན་པ་ཁག་བར་གྱི་སྤེལ་རེས་ལ་ཤུགས་སྣོན་དང་། མཉམ་དུ་འབད་བརྩོན་གྱིས་ཀྲུང་གོ་དང་ཕོར་ཐེའུ་ཀལ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུར་གྲུབ་འབྲས་མང་པོ་ཐོབ་པ་བྱས་ཏེ་ཨེ་ཤི་ཡ་དང་ཡོ་རོབ་སྐམ་སའི་མཉམ་སྦྲེལ་མཉམ་མཐུད་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས། ཕྱོགས་གཉིས་པོས་དངུལ་རྩ་དང་མ་འཇོག མཁའ་འགྲུལ། རླངས་འཁོར། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་གཏོང་དགོས་པ་དང་། མཉམ་ལས་མང་པོ་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད་ཕྱོགས་གསུམ་ཁྲོམ་ར་རྒྱ་བསྐྱེད་བཏང་ནས་གཉིས་ཕན་གཉིས་རྒྱལ་ཡོང་བ་བྱེད་དགོས། རིག་གནས་དང་སློབ་གསོ། ཡུལ་སྐོར། ཚན་རྩལ། སྨན་རྫས་སོགས་ཁྱབ་ཁོངས་མཉམ་ལས་ཀྱང་རྒྱ་བསྐྱེད་གཏོང་དགོས། རྒྱལ་སྤྱིའི་བྱ་དོན་ཁྲོད་དུ་མཐུན་སྦྱོར་གཞོག་འདེགས་དམ་ཟབ་བྱས་ཏེ་ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཐོག སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་དགོས། ཕོར་ཐེའུ་ཀལ་ཕྱོགས་ནས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ཁཱོ་སཱི་ཐཱས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ད་ཐེངས་ཕོར་ཐེའུ་ཀལ་ལ་འཚམས་འདྲི་གནང་བ་དེར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། ཕོར་ཐེའུ་ཀལ་དང་ཀྲུང་གོ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱལ་ཁབ་ཡིན་ཞིང་། མཛའ་གྲོགས་ཀྱི་ལོ་རྒྱུས་རིང་བའི་ཁར་དུས་ཡུན་རིང་པོའི་རིང་ཕན་ཚུན་བར་ཡིད་ཆེས་བྱེད་པའི་སྲོལ་བཟང་ཞིག་བཙུགས་ཡོད། ཕོར་ཐེའུ་ཀལ་ཕྱོགས་ནས་ ཐེའུ་ཀལ་གྱིས་དངུལ་རྩ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་བྱེད་པའི་ཐད་ཀྲུང་གོས་རོགས་རམ་དང་རྒྱབ་སྐྱོར་མཛད་པར་ཐུགས་རྗེ་ཞུ་རྒྱུ་ཡིན། ཕོར་ཐེའུ་ཀལ་ཕྱོགས་ནས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བཟུང་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ལེགས་སུ་གཏོང་འདོད་ཡོད། ཕོར་ཐེའུ་ཀལ་གྱིས་ད་བར་སྒོ་དབྱེ་མཉམ་ལས་དང་རང་མོས་ཉོ་ཚོང་གི་འདོད་ཚུལ་བཟུང་གི་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ་དེས་ཕོར་ཐེའུ་ཀལ་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་བརྩེ་དང་མཉམ་ལས་ཟབ་ཏུ་སོང་ནས་ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོག་ཡོད་ལ། ཨེ་ཤི་ཡ་དང་ཡོ་རོབ་བར་མཉམ་སྦྲེལ་མཉམ་མཐུད་བྱེད་པ་དང་ཨེ་ཤི་ཡ་དང་ཡོ་རོབ་བར་རོགས་ཟླའི་ཡིད་རྟོན་མཛའ་འབྲེལ་འཛུགས་རྒྱུར་ཤུགས་སྣོན་གྱིས་གོ་ལའི་ཉོ་ཚོང་ལ་སྐུལ་འདེད་དང་འཛམ་གླིང་མི་དམངས་ལ་ཕན་བདེ་མང་ཙམ་སྐྲུན་རྒྱུར་ཕན་ཐོག་ཆེན་པོ་ཡོད། ཕོར་ཐེའུ་ཀལ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་དངུལ་རྩ། རླངས་འཁོར། ཚན་རྩལ་སོགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ནས་ཕོར་ཐེའུ་ཀལ་དུ་བཅའ་ཁྲིམས་ལ་བརྩི་སྲུང་དང་ཚོང་གཉེར་ཚད་ལྡན་བྱེད་ཀྱི་འདུག་པས། ཕོར་ཐེའུ་ཀལ་གྱིས་ཀྲུང་གོས་མ་འཇོག་མང་ཙམ་བྱས་ནས་ཕོར་ཐེའུ་ཀལ་དུ་ཐོན་སྐྱེད་བཟོ་སྐྲུན་ལས་རིགས་མང་དུ་བཏང་ཏེ་ཀྲུང་གོ་དང་ཕོར་ཐེའུ་ཀལ་གྱི་གླེང་སྟེགས་བརྒྱུད་ཨ་ཧྥེ་རི་ཁ་སོགས་ཕྱོགས་གསུམ་བར་གྱི་མཉམ་ལས་རྒྱ་བསྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕོར་ཐེའུ་ཀལ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་སོགས་གོ་ལའི་བྱ་དོན་ཁྲོད་སྤེལ་རེས་དང་མཐུན་སྦྱོར་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱ་འདོད་ཡོད་ལ། ཡོ་རོབ་དང་ཀྲུང་གོའི་བར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་ཡོད།

མཇལ་མོལ་གནང་བསྒྲུབས་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕོར་ཐེའུ་ཀལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་བསམ་ཤེས་བརྗེད་ཐོ་ཞེས་པ་སོགས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་དཔང་པོ་གནང་ཡོད།

རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་མཉམ་དུ་གསར་འགོད་པར་དང་ཐུགས་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས། ངོས་ནས་ད་ཐེངས་ཕོར་ཐེའུ་ཀལ་ལ་འཚམས་འདྲི་བྱས་པ་དེར་གྲུབ་འབྲས་ཆེན་པོ་ཐོབ་བྱུང་ལ་ཧ་ཅང་ལེགས་གྲུབ་བྱུང་སོང་། ད་ཐེངས་འཚམས་འདྲི་བྱས་པ་དེས་ཀྲུང་གོ་དང་ཕོར་ཐེའུ་ཀལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འགུལ་ཤུགས་གསར་པ་སྣོན་ཐུབ་ངེས་རེད། ཕོར་ཐེའུ་ཀལ་ནི་ངོས་ནས་ད་ཐེངས་ཡོ་རོབ་དང་ལ་ཏིང་ཨེ་མེ་རི་ཁར་འཚམས་འདྲི་བྱ་རྒྱུ་མ་ཟད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་པུ་དབྱི་ནོ་སི་ཨའེ་རི་སིའི་དབུ་ཚོགས་ལ་ཞུགས་རྒྱུའི་འགྲུལ་བཞུད་ཀྱི་ས་ཚུགས་མཇུག་ཤོས་དེ་རེད། འཚམས་འདྲི་བྱེད་པའི་བརྒྱུད་རིམ་ནང་། ང་རང་ལ་རྒྱལ་ཁབ་ཁག་གི་མི་དམངས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ། རང་ངོས་བདེ་སྡོད་ལས་བརྩོན་བཅས་ཡོང་རྒྱུར་རེ་སྒུག་གིས་ཁེངས་པའི་མྱོང་ཚོར་ཟབ་མོ་བྱུང་། མ་གཞི་འཛམ་གླིང་ལ་གནད་དོན་དང་འགྲན་རྩོད་འདྲ་མིན་འཕྲད་བཞིན་ཡོད་རུང་། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྲོས་མོལ་བྱ་རྒྱུར་སྲུང་བརྩི་དང་། ཞི་བདེ་གོང་འཕེལ་དང་མཉམ་ལས་གཉིས་རྒྱལ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།