ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས་དང་གྲོས་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2018-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༢པའི་ཚེས་༤ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མགྲིན་དབྱངས་གཅིག་གྱུར་ངང་ཀྲུང་གོ་དང་ཕོར་ཐིའུ་ཀལ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་པ་གསར་པ་བྱས་ཏེ། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་མཛའ་གྲོགས་མཉམ་ལས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་འབྲེལ་བའི་གོང་འཕེལ་གྱི་ལེའུ་གསར་པ་གཏོད་རྒྱུའི་མོས་མཐུན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བ་བཙུགས་ནས་ལོ་ངོ་༣༩སོང་རིང་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་ལས་བཅས་བྱས་ཡོད་པ་དང་། ཕྱོགས་གཉིས་འབྲེལ་བས་རྒྱལ་སྤྱིའི་འགྱུར་བ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ་དང་། སྔར་ནས་ད་བར་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཕྱིན་ཡོད། ཀྲུང་གོ་དང་ཕོར་ཐིའུ་ཀལ་ནི་གྲོགས་པོ་ཡག་པོ་དང་རོགས་པ་ཡག་པོ་ཡིན། ཀྲུང་གོའི་ཕྱོགས་ནས་ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་དང་། ཕོར་ཐིའུ་ཀལ་ཕྱོགས་དང་ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས། དམངས་ཁྲོད་སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྲིད་གཞུང་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་གོ་སྐབས་ལ་བརྩིས་ཏེ། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ད་ཡོད་ཀྱི་རྣམ་གྲངས་སྔར་བས་སྟོབས་ཆེར་གཏོང་བ། ཕྱོགས་གཉིས་ཉོ་ཚོང་འགྲོ་འོང་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་འཕར་གནས་གསར་པ་སྔར་བས་མང་བ་གཏོད་དགོས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ལི་སི་པོན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་གྲབས་འཛུགས་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སློབ་གསོ་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་ནི་ཁྱོན་ཡོངས་འཐབ་ཇུས་རོགས་པ་ཡིན། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ཡོ་རོབ་གཞི་ཅིག་ཅན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཕོར་ཐིའུ་ཀལ་ཕྱོགས་ནས་ཡོ་རོབ་མནའ་འབྲེལ་གྱི་ནང་ཁུལ་དུ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཏེ་སོ་ས་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་ཡོད། ཕོར་ཐིའུ་ཀལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕན་ཚུན་བར་རྒྱུས་མངའ་ཆེན་པོ་ཡོད་པས་དེ་ནི་ང་ཚོའི་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་བའི་སྲ་ཞིང་བརྟན་པའི་རྨང་གཞི་ཡིན། དུས་སང་ནི་ཕོར་ཐིའུ་ཀལ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡིན། ཕོར་ཐིའུ་ཀལ་ནས་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་ནས་ཕོར་ཐིའུ་ཀལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕོར་ཐིའུ་ཀལ་གྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། སྐམ་སའི་སྟེང་གི་དར་གོས་ལམ་བུ་དང་མཚོ་ཐོག་དར་གོས་ལམ་བུའི་ཡོ་རོབ་ཀྱི་ལྟེ་གནས་ལ་འགྱུར་བ་བྱེད་འདོད་ཡོད། ཕོར་ཐིའུ་ཀལ་དང་ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་ལངས་ཕྱོགས་འདྲ་པོ་ཡོད་པ་དང་རྒྱལ་ཁབ་གཉིས་ཀས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕྱོགས་མང་ལས་ཁུངས་ཀྱི་མཐུན་སྦྱོར་ཟབ་ཏུ་གཏོང་གི་ཡོད། ཕོར་ཐིའུ་ཀལ་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཕོར་ཐིའུ་ཀལ་གྱི་སྐད་བེད་སྤྱོད་བྱེད་མཁན་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་གནང་ཡོད།

མཇལ་མོལ་མ་གནང་གོང་། ཙུང་ཐུང་ཏེ་སོ་ས་ཡིས་རྒྱལ་ཁབ་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད་པ་རེད།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རླངས་འཁོར་ལ་བཞུགས་ནས་རྒྱལ་ཁབ་ཐང་ཆེན་དུ་འབྱོར་སྐབས། ཏེ་སོ་ས་ཡིས་མདུན་དུ་བཅར་ནས་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་གནང་ཡོད། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་རྒྱལ་གླུ་དཀྲོལ་བ་དང་དུས་མཚུངས། གུས་ལུགས་མེ་སྒྱོགས་ཀྱི་སྒྲ་ཐེངས་21བསྒྲགས་ཡོད། ཏེ་སོ་སའི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད་པ་དང་། དེ་རྗེས་གཟིགས་སྟེགས་ཐོག་ཕེབས་ནས་ཁ་བགོས་རུ་བསྟར་ལ་གཟིགས་གནང་ཡོད། ཐང་ཆེན་གྱི་ཕྱི་རོལ་དུ་ཡོད་པའི་མི་ཚོགས་ཀྱིས་ཀྲུང་གོའི་རྒྱལ་དར་དབྱུག་དབྱུག་གཏོང་བཞིན་དུ། སྐད་གསང་མཐོན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ཞེས་འབོད་ཡོད།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་ལོ་རྒྱུས་ཐོག་གི་ཆེས་རླབས་ཆེའི་སྙན་ངག་པ། མི་དམངས་ཀྱི་དཔའ་བོ་ཁ་མོང་སེའི་བང་སོར་མེ་ཏོག་ཕྲེང་བ་ཕུལ་གནང་ཡོད།

ཙུང་ཐུང་ལས་ཤག་ཏུ་སྐྱོད་པའི་ལམ་བར་དུ། ཕོར་ཐིའུ་ཀལ་རྒྱལ་དམངས་སྲུང་སྐྱོབ་རུ་ཁག་རྟ་དམག་གཟབ་སྦྲེང་རུ་ཁག་གིས་སྲུང་སྐྱེལ་ཞུས་ཡོད། ཙུང་ཐུང་ལས་ཤག་ཏུ་འབྱོར་སྐབས། ཏེ་སོ་ས་ཡིས་རླངས་འཁོར་འཇོག་སར་སླར་ཡང་ཕེབས་བསུ་ཞུས་ཡོད་པ་དང་། གུས་ལུགས་དམག་གིས་ལམ་བུའི་གཡས་གཡོན་གཉིས་སུ་རུ་བསྟར་སྒྲིག་ནས། དུང་བརྡ་བཏང་ཏེ་གུས་འདུད་ཞུས་ཡོད། ཞི་ཅིན་ཕིང་གིས་ཕུ་ཐེའུ་ཀལ་གྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་བ་དང་། ཏེ་སོ་ས་ཡིས་ཀྲུང་གོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་ཡོད།

ཉིན་དེའི་དགོང་མོ། ཞི་ཅིན་ཕིང་དང་ཕང་ལི་ཡོན་གྱིས་ཏེ་སོ་ས་དང་མཉམ་དུ་མཚོ་ཐོག་དར་གོས་ལམ་བུ་ཞེས་པའི་ཀུ་ཀུང་ཕོ་བྲང་གི་རིག་དངོས་འགྲེམ་སྟོན་ལ་གཟིགས་གནང་ཡོད།

ཏིང་ཞོད་ཞང་དང་ཡང་ཅེ་ཁྲེ། ཝང་དབྱིས། ཧ་ལི་ཧྥང་སོགས་གོང་གསལ་བྱེད་སྒོར་ཞུགས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།