ཞི་ཅིན་ཕིང་གིས་ཧྲང་ཧའེ་དུ་རྟོག་ཞིབ་གནང་རིང་གསུངས་པའི་བཀའ་སློབ།
སྤེལ་བའི་དུས་ཚོད། : 2018-11-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲང་ཧའེ་དུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བསྒྱུར་བཅོས་སྒོ་དབྱེའི་ལམ་དུ་བསྐྱར་དུ་རྡོག་ཐོན་བྱེད་པའི་ཆོད་སེམས་དང་སེམས་ཤུགས་བརྟན་པོ་འཆང་བ། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་ནུས་གང་མགྱོགས་མཐོ་རུ་གཏོང་བ་བཅས་བྱས་ནས། དེ་བས་ལེགས་པའི་ཐོག་ནས་རྒྱལ་ཡོངས་ཀྱི་བསྒྱུར་བཅོས་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་དགོས་ཞེས་ནན་སྟོན་གནང་འདུག

སྤྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་ནས་བདུན་ཉིན་བར། ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་དང་གྲོང་སྤྱི་ཡིང་ཡུང་གི་ཕེབས་རོགས་འོག ཧྲང་ཧའེ་ཡི་ཁེ་ལས་དང་། གྲོང་ཁུལ། གྲོང་ཁྱེར་འཁོར་སྐྱོད་ཕྱོགས་བསྡུས་དོ་དམ་ལྟེ་གནས། མཐོ་གསར་ཚན་རྩལ་གླིང་ཁུལ་བཅས་སུ་ཕེབས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མིག་སྔའི་དཔལ་འབྱོར་གྱི་དུས་བབ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྱི་དོ་དམ་དང་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བརྟག་ཞིབ་གནང་བ་རེད།

ལུ་ཅ་ཙུད་དུ་ཡོད་པའི་ཧྲང་ཧའེ་ལྟེ་བའི་ཁང་ཆེན་གྱི་མཐོ་ཚད་ལ་སྨི༦༣༢ཡོད་པ་དང་། དེ་ནི་བསྐྲུན་ཟིན་པའི་ཀྲུང་གོའི་ཐོག་བརྩེགས་མཐོ་ཤོས་ཀྱི་ཐོག་ཁང་ཨང་དང་པོ་དང་། འཛམ་གླིང་གི་ཨང་གཉིས་པ། ཧྲང་ཧའེ་ཡི་མཚོན་རྟགས་རང་བཞིན་གྱི་ཐོག་ཁང་ཞིག་བཅས་རེད། སྤྱི་ལོ༢༠༠༧ལོར་ཞི་ཅིན་ཕིང་ཧྲང་ཧའེ་དུ་ཕྱག་ལས་གནང་སྐབས། ཁོང་ནས་ཧྲང་ཧའེ་ལྟེ་གནས་ཐོག་ཁང་གི་འཛུགས་བསྐྲུན་ལ་མཐོང་ཆེན་པོ་གནང་བ་དང་། ལུ་ཅ་ཙུད་དུ་ཐེངས་མང་ཕེབས་ནས་རྟོག་ཞིབ་གནང་བ། ཁོང་སྐུ་ངོ་མས་ལུ་ཅུ་ཙུད་ས་ཁུལ་གྱི་འཆར་འགོད་ལ་ཞིབ་འཇུག་གནང་བ། ཁོང་སྐུ་ངོ་མས་ཧྲང་ཧའེ་ལྟེ་གནས་ཐོག་ཁང་གི་ཇུས་འགོད་ལ་ཞིབ་བཤེར་མཆན་འགོད་གནང་ནས། འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་གནང་ཡོད་པ་དང་། ཧྲང་ཧའེ་ལྟེ་གནས་ཐོག་ཁང་དེ་སྦགས་མེད་དང་། རིག་ལྡན། མི་ཆོས་བཅས་ཀྱི་རྒྱལ་སྤྱིའི་རྩེར་སོན་ལས་གཞིར་འགྱུར་བ་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད། ཐོག་ཁང་གི་ཐོག་བརྩེགས་ཉི་ཤུ་རྩ་གཉིས་ཐོག་ཡོད་པའི་ལུ་ཅ་ཙུད་དངུལ་རྩའི་གྲོང་གི་ཏང་འཛུགས་ཞབས་ཞུ་ལྟེ་གནས་ནི། ལུ་ཅ་ཙུད་དངུལ་རྩའི་ཉོ་ཚོང་ཁུལ་གྱི་ཕྱོགས་བསྡུས་ཏང་ཨུད་ཀྱིས་བཙུགས་པའི་ཐོག་ཁང་གི་ཏང་འཛུགས་འཐབ་ས་ཤིག་ཡིན་པ་རེད། སྤྱི་ཚེས་དྲུག་ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དེ་གར་ཕེབས་ནས་ལྟེ་གནས་དེས་སྤེལ་བའི་ཏང་འཛུགས་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཏང་འཛུགས་ཞབས་ཞུའི་ལྟེ་གནས་ཀྱི་བར་སྣང་མེ་ཏོག་ལྡུམ་ར་ཞིབ་བསྡུར་སྤེལ་རེས་ཁུལ་དུ། ཁེ་ལས་གསུམ་གྱི་ཏང་ཀྲེ་པུའུ་ཡིས་ང་དང་དངུལ་རྩའི་གྲོང་མཉམ་དུ་འཚར་ལོང་བྱུང་ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་ཏང་གི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད་པ་དང་། ཞི་ཅིན་ཕིང་ཁོང་རྣམ་པའི་ཁྲོད་དུ་ཕེབས་ནས་བྱམས་བརྩེའི་བཀའ་མོལ་གནང་བ་དང་། ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡིས་ལུ་ཅ་ཙུད་དངུལ་རྩའི་གྲོང་དུ་ཐོན་ལས་རུབ་འདུས་ཆེ་བ་དང་། ཁེ་ལས་རུབ་འདུས་ཆེ་བ། ཤེས་ལྡན་མི་སྣ་རུབ་འདུས་ཆེ་བ་བཅས་ཀྱི་དོན་དངོས་ལ་གཞིགས་ཏེ། ཏང་འཛུགས་ལས་དོན་གྱི་བསམ་ཇུས་དང་རྣམ་པ་གསར་གཏོད་ཀྱིས། ཐོག་ཁང་ནང་གི་དབང་བའི་ལམ་ལུགས་སྣ་ཚོགས་པའི་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་སློབ་སྦྱོང་མཛུབ་ཁྲིད་དང་། དོ་དམ་ཞབས་ཞུ། བྱེད་སྒོའི་སྟེགས་བུ་བཅས་མཁོ་འདོན་བྱེད་པ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཞི་ཅིན་ཕིང་གིས། ཐོག་ཁང་ཏང་འཛུགས་ཐད། ཁྱེད་ཚོས་འདི་གར་སྔོན་འགྲོའི་འཚོལ་ཞིབ་བྱེད་བཞིན་ཡོད་པས། ཅུང་ཚད་ལྡན་ཅན་དུ་གྱུར་ཟིན་ཡོད། ངས་བལྟས་ན་ཁྱེད་ཚོར་གྲུབ་འབྲས་དང་ཕན་འབྲས་ངེས་ཅན་ཞིག་ཐོབ་འདུག་བསམ་གྱི་འདུག ཁྱེད་ཚོས་རྒྱུན་འཁྱོངས་དང་འབད་བརྩོན་མཐའ་གཅིག་ཏུ་བྱས་ནས། མུ་མཐུད་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཏང་འཛུགས་ལས་དོན་གྱི་དཀའ་ཚེགས་ཆེ་ས་དེ་གཞི་རིམ་དུ་ཡིན་པ་དང་། ཁྱད་ཆོས་ལྡན་ཡུལ་ཡང་གཞི་རིམ་དུ་ཡིན། དཔལ་འབྱོར་གྲུབ་ཆ་དང་ལས་ཞུགས་ཐབས་ལམ་སྔར་བས་སྣེ་མང་ཅན་དུ་འགྱུར་བ་དང་བསྟུན་ནས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་ཁྲོད་ལས་ཞུགས་བྱས་པའི་ཏང་ཡོན་མང་དུ་འགྲོ་བཞིན་ཡོད་པས། དེ་དག་ཁྲོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལེགས་པོ་སྒྲུབ་ཏེ། ཁོང་ཚོས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུར་སྣེ་ཁྲིད་བྱ་དགོས། གཞི་རིམ་ཏང་འཛུགས་ཀྱིས་གཅིག་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་པ་དང་། གཉིས་ནས་དུས་བསྟུན་མཉམ་སྐྱོད་བྱས་ཏེ། དུས་བབ་གསར་པ་དང་བསྟུན་གང་ཐུབ་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས། ཏང་ཡོན་རྣམས་ལས་ཀ་དང་སློབ་སྦྱོང་གང་དུ་བྱེད་ཀྱི་ཡོད་ན། ཏང་རྩ་འཛུགས་ཀྱང་གང་དེར་ཁྱབ་པ་བྱས་ཏེ། ཏང་ཡོན་རྣམས་ཡུལ་གང་དུ་གནས་ཀྱང་རྩ་འཛུགས་དང་ཁྱིམ་རྙེད་ཐུབ་པ་བྱ་དགོས། ང་ཚོས་ཏང་ཡོན་ཡོད་པའི་ཁེ་ལས་སྣ་ཚོགས་ཀྱི་ཁྲོད་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་དགོས་པ་དང་། དེའི་དམིགས་ཡུལ་ཡང་ཁེ་ལས་ནང་གི་ཏང་ཡོན་ལ་དོ་དམ་དང་ཞབས་ཞུ་མཁོ་འདོན་བྱ་ཆེད་དང་། ལས་མི་རྣམས་ལ་མཐུན་སྒྲིལ་དང་གཅིག་སྡུད་བྱས་ནས་སྒྲིག་ཁྲིམས་བརྩི་སྲུང་དང་། ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་ཞུས་ཏེ། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད་ཡིན་པ་རེད། དེས་ཁེ་ལས་ཀྱིས་དོ་དམ་ལ་ཤུགས་སྣོན་དང་། ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བསྟན་གནང་ཡོད།

དེ་རྗེས། ཞི་ཅིན་ཕིང་ཐོག་བརྩེགས་༡༡༩ཡི་རྒྱང་གཟིགས་ཁང་ནང་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་གཟིགས་ཡོད་པ་རེད། ཤར་ཕྱོགས་མུ་ཏིག་མཐོ་སྟེགས་དང་། གོ་ལའི་དངུལ་རྩ་ལྟེ་གནས། ཅིན་མའོ་ཁང་ཆེན། ཡང་ཕུ་ཟམ་ཆེན། འཛམ་གླིང་དངོས་མང་འགྲེམས་ཚོགས་གླིང་ཁུལ་སོགས་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དེ་དག་གིས་མཛེས་སྡུག་ལྡན་པའི་ལྗོངས་རིས་ཤིག་གྲུབ་ཡོད། ཚོམས་ཆེན་ནང་། པར་རིས་མི་འདྲ་བ་རེ་རེའི་ཐོག་ནས་གནའ་དེང་ལ་བསྡུར་བ་བྱས་ཏེ། ཧྲང་ཧའེ་དེ་ཉིད་ཀྱི་ལོ་བརྒྱའི་འཕོ་འགྱུར་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཞབས་སོར་འཁོད་ཀྱིན་གཟིགས་ཞིབ་གནང་བ་དང་། ཚང་མ་དང་ལྷན་དུ་སྤེལ་རེས་གནང་ནས། ཧྲང་ཧའེ་གྲོང་ཁྲེར་གྱི་གོང་འཕེལ་བརྒྱུད་རིམ་ལ་ཕྱིར་དྲན་གནང་བ་དང་། ཁོང་གིས། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ཧྲང་ཧའེ་ནི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད། ཧྲང་ཧའེ་ནི་རང་རྒྱལ་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་ཆེ་ཤོས་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་མཉམ་ལས་སྤེལ་རེས་བྱ་ཡུལ་གཙོ་བོ་དེ་ཡིན་པས། གྲོང་ཁྱེར་གྱི་འགྲན་རྩོད་ནུས་པ་གཙོ་བོ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཁོག་རྒྱ་ཆེན་པོ་དང་། ཕུལ་བྱུང་བརྩོན་ལེན། རིག་པ་དྭངས་གསལ། དཀྱེལ་ཡངས་ཁེངས་སྐྱུངས་བཅས་ཀྱི་ཧྲང་ཧའེ་གྲོང་ཁྱེར་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཧྲང་ཧའེ་ཡི་དོན་དངོས་ལ་གཞིགས་པ་དང་། འཛམ་གླིང་གྲོང་ཁྱེར་ཆེན་པོའི་གོང་འཕེལ་ཉམས་མྱོང་དཔྱད་གཞིར་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་བསྐྲུན་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཧྲང་ཧའེ་ཧུང་ཁའུ་ཁུལ་དུ་མི་ཚོགས་འདུ་འཛོམས་ཧ་ཅང་ཆེན་པོ་ཡོད། སྡེ་ཁུལ་གྱི་གྲོང་མིའི་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཆེད། ཧུང་ཁའུ་ཁུལ་དུ་གྲོང་མིའི་ཞབས་ཞུ་ས་ཚིགས་༣༥བཙུགས་ནས། སྐར་མ་༡༥སྡེ་ཁུལ་གྱི་འཚོ་བའི་ཞབས་ཞུ་མ་ལག་ཧུར་ཐག་གཏོད་ཡོད། ཞི་ཅིན་ཕིང་གིས་ཧུང་ཁའུ་ཁུལ་གྱི་གྲོང་མིའི་ཞབས་ཞུ་ས་ཚིགས་ཅ་ཤིང་སྲང་ལམ་གྱི་ཡན་ལག་ཞབས་ཞུ་ས་ཚིགས་སུ་ཕེབས་ནས། ཕྱོགས་བསྡུས་ཞབས་ཞུ་བྱ་ཡུལ་དང་། རྒན་གསོ་ཁང་། ཏང་འཛུགས་ལས་དོན་ས་ཚིགས་སོགས་སུ་རིམ་པས་གཟིགས་ཞིབ་གནང་ཡོད་པ་རེད། རྒན་གསོ་ཁང་ནང་ཕེབས་སྐབས། རྒན་རྒོན་ཁ་ཤས་ཀྱིས་ལག་བཟོའི་ཐོན་རྫས་བཟོ་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། རང་རྒྱལ་འདི་ཉིད་ལོ་བགྲེས་སྤྱི་ཚོགས་སུ་སླེབས་ཡོད་པས། རྒན་རྒོན་གསོ་སྐྱོང་བྱེད་མཁན་ཡོད་པ་དང་། འཚོ་བ་བདེ་སྐྱིད་ལྡན་པ། བདེ་ཐང་ཚེ་རིང་བཅས་ཡོང་ཐུབ་པ་བྱ་རྒྱུ་ནི་ང་ཚོ་ཚང་མའི་ཐུན་མོང་གི་རེ་འདུན་ཡིན། ཏང་ཀྲུང་དབྱང་གིས་རྒན་གསོའི་ཞབས་ཞུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྲིད་ཇུས་དོན་འཁྱོལ་གནད་ལ་འཕིགས་པ་དང་། དེ་བས་མང་བའི་རྒན་རྒོན་ལ་ཕན་བདེ་བསྐྲུན་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།

གྲོང་མིའི་ཞབས་ཞུ་ས་ཚིགས་ནང་། གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཁེ་ལས་ནས་ཕེབས་པའི་གཞོན་ནུ་ཁ་ཤས་ཀྱིས་སྡེ་ཁུལ་གྱིས་གད་སྙིགས་རིགས་དབྱེ་བྱ་ཐབས་ཐད་གྲོས་བསྡུར་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་དེར་དགྱེས་ཚོར་ཆེན་པོ་གནང་ནས། དེའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ཞིབ་ཅིང་ཕྲ་བ་བཀའ་འདྲི་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་གད་སྙིགས་ཕྱོགས་བསྡུས་ཐག་གཅོད་བྱེད་པའི་ནང་དམངས་ཡོངས་ཀྱིས་ཟབ་ཞུགས་བྱེད་དགོས་པ་དང་། ཧྲང་ཧའེ་ཡིས་དོན་དག་དེར་དམ་འཛིན་གང་ལེགས་བྱས་ནས་ཡག་པོ་བསྒྲུབ་དགོས་ཞེས་དང་། ཁོང་གིས་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་མཐའ་མའི་གནད་དོན་དེ་སྡེ་ཁུལ་ལ་ཐུག་ཡོད། སྡེ་ཁུལ་ནི་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་ས་དང་། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་འགག་རྩ་དེ་ཡིན་པས་དུས་ཐོག་ཏུ་སྡེ་ཁུལ་གྲོང་མིའི་སེམས་ནད་རེ་རེ་བཞིན་ཐག་གཅོད་བྱེད་དགོས། ང་ཚོས་མང་ཚོགས་སེམས་དབུས་སུ་བཞག་ན་མང་ཚོགས་ཀྱིས་ང་ཚོ་སེམས་དབུས་སུ་འཇོག་སྲིད། སྡེ་ཁུལ་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པར་གཅིག་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ལ། གཉིས་ནས་གྲོང་མིའི་རང་བཅོས་ནུས་པ་འདོན་སྤེལ་གྱིས་སྡེ་ཁུལ་གྲོང་མིའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཐོག་མི་ཚང་མ་སྡེ་ཁུལ་བཅོས་སྒྲིག་གི་ལས་དོན་ནང་ཞུགས་ཐུབ་པ་དང་། མི་ཚང་ མར་འགན་འཁྲི་ཡོད་པ། མི་ཚང་མས་ལེགས་སྐྱེས་འབུལ་བ། མི་ཚང་མས་ ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞལ་གྱེས་ སྐབས། དེ་གར་ཆེད་མངགས་ཡོང་བའི་གྲོང་མི་རྣམས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་འཁོར་དུ་ཡོང་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཕྱག་བཏང་ཡོད་པ་རེད།

སྤྱི་ཚེས་དྲུག་ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཕུ་ཏུང་ཁུལ་གསར་གྱི་གྲོང་ཁྱེར་འཁོར་རྒྱུགས་ཕྱོགས་བསྡུས་དོ་དམ་ལྟེ་གནས་སུ་ཕེབས་པ་དང་། བརྙན་ཤེལ་ཆེན་པོ་བརྒྱུད་དེ་ཧྲང་ཧའེ་གྲོང་ཁྱེར་གྱི་ཞིབ་ཚགས་ཅན་གྱི་དོ་དམ་དང་རྒྱལ་སྤྱིའི་ཉོ་ཚོང་གི་སྐར་ཁུང་རྐྱང་པའི་འཁོར་རྒྱུགས་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། གྲོང་ཁྱེར་བཅོས་སྐྱོང་བྱ་རྒྱུ་དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ནང་དོན་གལ་ཆེན་ཞིག་རེད། རྩེར་སོན་གྲོང་ཁྱེར་རྩེར་སོན་གྱི་ཐབས་ལམ་ཐོག་ནས་བཅོས་སྐྱོང་བྱེད་དགོས་པ་དང་། ཚན་རིག་ཅན་དང་ཞིབ་ཚགས་ཅན། རིག་ནུས་ཅན་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས། གཅིག་ནས་དེང་རབས་ཚན་རྩལ་གྱི་བྱ་ཐབས་སྤྱད་དེ་རིག་ནུས་ཅན་མངོན་འགྱུར་ཡོང་བ་བྱེད་དགོས་ལ། གཉིས་ནས་ཞིབ་ཚགས་དང་ངང་རྒྱུད་རིང་པོ། བྱེད་མཁས་པོ་བཅས་ཀྱི་ཐོག་ནས་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཧྲང་ཧའེ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིམ་འདས་གྲོང་ཁྱེར་གྱི་དོ་དམ་ལམ་བུ་མུ་མཐུད་འཚོལ་ཞིབ་བྱས་ཏེ་གྲོང་ཁྱེར་དོ་དམ་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཡང་ཧྲན་གྲུ་ཁའི་འཛུགས་སྐྲུན་དང་གོང་འཕེལ་གནས་ཚུལ་ཐད་ཐུགས་ཁུར་ཆེན་པོ་གནང་གི་ཡོད། གནས་དེ་ནས་ཁོང་གིས་ད་དུང་ཡང་ཧྲན་གྲུ་ཁའི་དུས་བཀག་བཞི་པའི་རང་འགུལ་ཅན་གྲུ་ཁར་བརྙན་མཐོང་སྦྲེལ་མཐུད་བྱས་ནས་གྲུ་ཁའི་འཛུགས་སྐྲུན་དང་འཁོར་རྒྱུགས་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་ཡིན་ན་ངེས་པར་དུ་རྒྱ་མཚོ་སྟོབས་ཆེན་རྒྱལ་ཁབ་དང་མཚོ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཡིན་དགོས། ཡང་ཧྲན་གྲུ་ཁ་འཛུགས་སྐྲུན་ལེགས་འགྲུབ་ཟིན་ནས་འཁོར་རྒྱུགས་ཐུབ་པ་དེས་ཧྲང་ཧའེ་ཡིས་རྒྱལ་སྤྱིའི་མཚོ་འགྲུལ་ལྟེ་གནས་དང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐུན་རྐྱེན་དེ་བས་ལེགས་པ་བསྐྲུན་ཡོད། འཛམ་གླིང་ཐོག་གི་རྩེ་གྲ་གཏོད་པའི་བློ་སྤོབས་དང་སེམས་ཤུགས་ཡོད་དགོས་ལ། འབད་པ་ཆེན་པོས་འཛམ་གླིང་ཐོག་གི་ཨང་དང་པོ་དེ་བས་མང་བ་གཏོད་དགོས་ཞེས་དང་། ཁོང་ནས་ཧྲང་ཧའེ་ཡིས་ཡང་ཧྲན་གྲུ་ཁ་ཉིད་འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ། གོང་འཕེལ་ཡག་པོ་བཅས་བྱེད་པ་དང་། ཁོར་ཡུག་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱག་པ། གྲུ་ཁའི་འཁོར་རྒྱུགས་དོ་དམ་ནུས་པ་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་རྒྱུད་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱིས་སྒོ་ཀུན་ནས་སྒོ་དབྱེ་བྱེད་ཤུགས་རྒྱ་ཆེར་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

ཀྲང་ཅང་ཚན་རིག་གྲོང་དེ་ཧྲང་ཧའེ་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ལྟེ་བའི་ཁུལ་དང་རྒྱལ་ཁབ་རིམ་པའི་ཚན་རྩལ་མཐོ་ཁུལ་ཡིན་པའི་ཆ་ནས་དེར་ཚན་རིག་སྒྲིག་ཆས་དང་ཚན་རིག་སྟེགས་བུ། རྩེར་སོན་གསར་གཏོད་ཅན་གྱི་གླིང་ཁུལ་སོགས་མང་པོ་ཞིག་བསྡུས་ཡོད། འགྲེམས་ཁང་ནས་ཞི་ཅིན་ཕིང་གིས་ཚན་རིག་གྲོང་གི་གོང་འཕེལ་འཕེལ་རིམ་དང་འཆར་འགོད་འཛུགས་སྐྲུན་ཐད་ཀྱི་གནས་ཚུལ་གསན་གནང་བ་དང་། ཚན་རིག་སྒྲིག་ཆས་དང་། གཅིག་བསྡུས་གློག་ལམ། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་སྨན་རྫས་སོགས་ཀྱི་འགྲེམས་ཁུལ་དུ་གཟིགས་སྐོར་ཡང་གནང་ཡོད། ཞི་ཅིན་ཕིང་གིས་དེར་བཞུགས་ཚན་རྩལ་ལས་དོན་པ་དང་མཛའ་བརྩེའི་བཀའ་མོལ་གནང་བ་དང་། ཁོང་གིས་ཚན་རིག་ལག་རྩལ་གྱིས་མིག་སྔ་ལྟར་རྒྱལ་ཁབ་ཀྱི་མ་འོངས་པའི་ལས་དབང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་འདི་འདྲ་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། མིག་སྔ་དང་འདྲ་བར་མི་རྣམས་ཀྱི་འཚོ་བའི་བདེ་སྡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་འདི་འདྲ་སྔར་བྱུང་མྱོང་མེད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་མཚམས་འདིར་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས་གསར་གཏོད་ཀྱིས་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་དང་འགུལ་ནུས་གསར་རྙིང་བརྗེ་བའི་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། གདོད་པའི་གསར་གཏོད་ནུས་པ་མཐོ་རུ་གཏོང་བ། ཁེ་ལས་ཀྱི་གཙོ་གཟུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གསར་གཏོད་ཤེས་ལྡན་མི་སྣར་བརྩི་མཐོང་བྱེད་པ། གསར་གཏོད་གསོན་ཤུགས་འཇོན་ནུས་ངོམས་སུ་འཇུག་པ། གསར་དར་ཐོན་ལས་དང་གསར་གཏོད་རྣམ་པའི་ཁེ་ལས་གསོ་སྤེལ་སྟོབས་ཆེར་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་བསྒྱུར་མགྱོགས་སུ་གཏོང་བ། གསར་གཏོད་མ་ལག་གི་ཁྱོན་ཡོངས་ནུས་འབྲས་ཆེ་རུ་གཏོང་དགོས་པ། འཛམ་གླིང་ཧྲིལ་པོའི་མིག་རྒྱང་དང་རྒྱལ་སྤྱིའི་ཚད་གཞིའི་ཐོག་ནས་ཀྲང་ཅང་ཕྱོགས་བསྡུས་རང་བཞིན་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་ཚོད་ལྟ་ཁང་དང་ཚན་ཞིབ་ཁང་། ཞིབ་སྤེལ་ལས་ཁུངས། ཞིབ་འཇུག་རྣམ་པའི་སློབ་ཆེན་བཅས་གཅིག་བསྡུས་འཛུགས་སྐྲུན་དང་། འཛམ་གླིང་གི་ཚན་རྩལ་གྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་རུབ་འདུས་ཁུལ་རྩེ་གྲ་གང་མགྱོགས་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

སྤྱི་ཚེས་༧ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་གནང་བ་དང་། ཧྲང་ཧའེ་ཡི་ཕྱོགས་ཁག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཧྲང་ཧའེ་ཡིས་མུ་མཐུད་རྒྱལ་ཡོངས་བསྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་པ་དང་། གསར་གཏོད་གོང་འཕེལ་གྱི་སྔོན་སྐྱོད་པ་ཡག་པོ་བྱེད་དགོས་པ་དང་། འགན་འཁྲི་ལྕི་ཤོས་འཁུར་ཕོད་པ་དང་དཀའ་གནད་ཆེ་ཤོས་སེལ་ཕོད་པ། ལམ་གཏོད་ཀྱི་སྔོན་ཐོན་པ་དང་མིག་དཔེ་སྣེ་ཁྲིད། དཀའ་གནད་འགག་གཏོར་བཅས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཐོག རྒྱལ་ཡོངས་ཀྱི་བསྒྱུར་བཅོས་གོང་འཕེལ་གྱི་ཁྲོད་དུ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོ་ཞིག་དང་རྒྱ་བསྒྲགས་འབོད་བསྒྲགས་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་མིན། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་དགོས། ང་ཚོ་སྔར་རྒྱུན་བཞིན་བྱས་ན་བྱེད་གཞི་ཡོད་པའི་ལོ་རྒྱུས་ཀྱི་གོ་སྐབས་སུ་གནས་པ་དང་། མདུན་ལྗོངས་འོད་སྣང་ཆེན་པོ་ལྡན་ཡོད་ལ་འགྲན་རྩོད་ཀྱང་རྙོག་འཛིང་ཆེན་པོ་ཡིན། ད་ཆ་རང་རྒྱལ་གྱིས་ཕྱི་ཕྱོགས་ཁོར་ཡུག་ལ་གོང་འཕེལ་གཏོང་བར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད་པ་དང་། རང་རྒྱལ་དཔལ་འབྱོར་དེ་འཕར་ཚད་མྱུར་པོའི་དུས་ནས་སྤུས་ཚད་མཐོ་བའི་འཕར་ཚད་ཀྱི་དུས་རིམ་ལ་སླེབས་ཡོད་པ་དང་། གོང་འཕེལ་དོ་སྙོམས་དང་ཆ་ལག་མི་ཚང་བའི་གནད་དོན་དང་། དུས་འཁོར་རང་བཞིན་དང་གྲུབ་གཞིའི་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་རིགས་སྣ་ཚོགས་ཀྱི་རྒྱུ་རྐྱེན་གཅིག་ཏུ་བསྡུས་ཡོད་པས་ལས་ཀའི་དཀའ་གནད་ཆེ་རུ་ཕྱིན་ཡོད། འོན་ཀྱང་ང་ཚོས་འཐབ་ཇུས་ཀྱི་ཏིང་འཛིན་རྒྱུན་འཁྱོངས་བྱེད་པ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་ཚེ། ང་ཚོས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་ཐུབ་ངེས་ཡིན་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། ཧྲང་ཧའེ་ཡིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་དུ་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་བཟུང་ཡོད་པས། ཧྲང་ཧའེ་ཡི་ལས་དོན་བསྒྲུབ་དུས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་གནས་བབ་ཧྲིལ་པོའི་འདུ་ཤེས་ཡོད་དགོས་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ཧྲང་ཧའེ་གོང་འཕེལ་གཏོང་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡི་ལས་དོན་ཐད་ལ་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ། དེ་ཡང་གཅིག་ནས་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཡོངས་བསྒྱུར་བཅོས་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་དགོས་པ་དང་། གཉིས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་བསྒྱུར་བཅོས་སྒོ་དབྱེའི་གོང་འཕེལ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཟབ་ཏུ་གཏོང་དགོས་པ། ལྔ་ནས་ཏང་གི་འཛུགས་སྐྱོང་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཡིན་པ་རེད།

རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཧྲང་ཧའེ་རུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགན་གནས་བཞེས་པའི་འགོ་ཁྲིད་ལས་བྱེད་པ་དང་ཐོན་ཤོག་རིམ་པའི་ལས་ཁུངས་ཀྱི་དཔོན་དམག་དང་བྱམས་བརྩེའི་ཐུག་འཕྲད་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཧང་ཧའེ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།