ལི་ཁེ་ཆང་དང་ཨུ་རུ་སུའི་ཙུང་ལིས་མཉམ་དུ་ཀྲུང་ཨུ་ཙུང་ལིའི་དུས་བཀག་མཇལ་མོལ་ཐེངས་ཉི་ཤུ་རྩ་གསུམ་པ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-11-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༧ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅི་ཧྥུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་གཏན་འཁེལ་བའི་མཇལ་མོལ་ཐེངས་ཉི་ཤུ་རྩ་གསུམ་པ་གཙོ་སྐྱོང་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཨུ་རུ་སུ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ཕན་ཚུན་གཉིས་ཀ་ཕ་རོལ་ཕྱོགས་ཀྱི་གོང་འཕེལ་གོ་སྐབས་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིང་ཕིང་དང་ཙུང་ཐུང་ཕུ་ཅིང་རྣམ་གཉིས་མཇལ་མོལ་ལེགས་གྲུབ་ཐེངས་མང་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་རོགས་ལས་འབྲེལ་བ་སྔ་བར་ཕྱི་གསུམ་དུ་ཆུ་ཚད་མཐོན་པོ་རྒྱུན་འཁྱོངས་ཐུབ་ཡོད། ཐེངས་འདིའི་ཙུང་ལིའི་མཇལ་མོལ་ནི་རྒྱལ་ཁབ་གཉིས་ཀས་རང་རྒྱལ་ཁབ་ཀྱི་སྲིད་གཞུང་སྐབས་བརྗེའི་ལས་དོན་སྒྲུབ་ཚར་རྗེས་ཀྱི་མཇལ་མོལ་ཐེངས་དང་པོ་ཡིན་པས། སྔ་འཛིན་རྗེས་མཐུད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་ཨུ་རུ་སུའི་ཕྱོགས་དང་ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་རྒྱུན་མཐུད་གཏིང་ཟབ་དུ་གཏོང་བ་དང་། ཁྱོན་ཡོངས་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། མཉམ་དུ་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་སྲུང་སྐྱོང་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ལི་ཁེ་ཆང་དང་མེ་ཏེ་ཝེ་ཅེ་ཧྥུས་འབྲེལ་ཡོད་སྒྲིག་གཞིའི་ཁྲོད་ཀྱི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ཨུ་རུ་སུའི་ཕྱོགས་ཀྱི་འགན་ཁུར་མི་སྣ་བཅས་ཀྱི་ལས་དོན་སྙན་ཞུ་གསན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། ད་ལོ་ནས་བཟུང་། ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་དང་མགྱོགས་པོའི་ངང་གོང་འཕེལ་ཕྱིན་པ་དང་། ལོ་དེའི་ནང་ཉོ་ཚོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་རྒྱུའི་རེ་བ་ཡོད་པ་དང་། མ་འོངས་པའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཡང་ཤིན་ཏུ་ཆེན་པོ་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཕན་ཚུན་མ་འཇོག་གི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུ། ཞིང་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སྐྱོན་བྲལ་དང་བརྟན་ལྷིང་ ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། གསར་གཏོད་ཁྱབ་ཁོངས་དང་། ལྷག་དོན་དུ་ཚན་རྩལ་བེད་སྤྱོད་དང་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། མུ་མཐུད་ས་གནས་དང་། མི་ཆོས་རིག་གནས་བར་གྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་གཞི་རྩའི་རྩ་དོན་དང་དགོངས་དོན་སྲུང་སྐྱོང་དང་། རང་མོས་ཉོ་ཚོང་ལ་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་འབོད་སྐུལ་བཅས་བྱེད་འདོད་ཡོད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གཉིས་སྦྲེལ་མཐུད་དེ་བས་ཡག་པ་དང་། མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་བཅས་བྱེད་འདོད་ཡོད། དུས་མཚུངས་ཕྱོགས་གཞན་ཁག་དེའི་ནང་མཉམ་དུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

མེ་ཏེ་ཝེ་ཅེ་ཧྥུས། ཨུ་རུ་སུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་རོགས་ལས་འབྲེལ་བ་གོང་འཕེལ་གཏིང་ཟབ་འགྲོ་བཞིན་ཡོད། ཨུ་རུ་སུས་ཀྲུང་གོའི་ཕྱོགས་དང་བང་རིམ་ཁག་གི་འགྲོ་འོང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། དངོས་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། ཉོ་ཚོང་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ། ཕྱོགས་གཉིས་མ་འཇོག་མང་དུ་གཏོང་རྒྱུ། གསར་གཏོད་མ་འཇོག་ཐེབས་རྩ་གང་མགྱོགས་འཛུགས་རྒྱུ། གསར་གཏོད་དང་། གློག་རྡུལ་ཚོང་དོན། ཞིང་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། མཉམ་དུ་ཕྱོགས་མང་རིང་ལུགསད་ང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱེད་པའི་རང་མོས་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

མཇལ་མོལ་མ་གནང་གོང་། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མེ་ཏེ་ཝེ་ཅེ་ཧྥུར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

མཇལ་མོལ་གནང་སྒྲུབ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་༼ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་མཇལ་མོལ་ཐེངས་ཉི་ཤུ་རྩ་གསུམ་པའི་མཉམ་འབྲེལ་སྤྱི་བསྒྲགས་༽ལ་མིང་རྟགས་བཀོད་པ་དང་། མཉམ་དུ་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་བདེན་དཔང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།