ཝང་ཡང་གིས་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ལ་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-11-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་སྤྱི་ཚེས་༧ཉིན་པེ་ཅིང་དུ་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ཏི་ཡ་སི་ཁ་ནེ་ཨར་དང་མཇལ་འཕྲད་གནང་བ་རེད།

ཝང་ཡང་གིས། ཀྲུང་གོ་དང་ཁུ་པ་ནི་གྲོགས་པོ་བཟང་བོ་དང་། བློ་མཐུན་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན། ཀྲུང་གོའི་ཕྱོགས་ནས་ཁུ་པ་ཕྱོགས་ཀྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཁུ་པ་ཡི་མཛའ་མཐུན་མཉམ་ལས་གཏིང་ཟབ་དུ་སྤེལ་བར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིང་ཕིང་གིས་བློ་མཐུན་ཀྲུའུ་ཞི་ཁྱེད་རང་དང་ལྷན་དུ་གྲོས་མོལ་གནང་སྟེ། ཀྲུང་གོ་དང་ཁུ་པ་ཡི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་འགོད་རྒྱུ་རེད། ཀྲུང་གོའི་ཕྱོགས་ནས་ཁུ་པ་ཕྱོགས་དང་ལམ་བུ་གཅིག་ཏུ་ལངས་ཏེ། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཁུ་པ་ཡི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁུ་པ་ཕྱོགས་དང་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྐྱོང་སྲིད་གཉེར་ཀྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱ་འདོད་ཅེས་གསུངས་ཡོད་པ་རེད།

ཏི་ཡ་སི་ཁ་ནེ་ཨར་གྱིས། ཁུ་པ་མི་དམངས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོར་ཁུ་པ་ཡི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། ཁུ་པ་དང་ཀྲུང་གོ་གཉིས་ལ་བསྒྱུར་བཅོས་གསར་སྒྱུར་བྱེད་པའི་འོས་འགན་གསར་བ་དང་འཕྲད་ཡོད། ངོས་ནས་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཞུ་བའི་དམིགས་ཡུལ་ནི་ཁུ་པ་དང་ཀྲུང་གོ་ཡི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་སྐྱོང་དང་སྲ་བརྟན་དུ་གཏོང་ཆེད་ཡིན། ངོས་ནས་ཀྲུའུ་ཞི་ཞི་ཅིང་ཕིང་དང་ལྷན་དུ། རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འགྲོ་འོང་དང་མཉམ་ལས་ཐད་དུ་འཆར་འགོད་བྱེད་པར་རེ་སྒུག་བྱེད་ཡོད། ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་གི་འཐུས་མི་ཚོགས་ཆེན་གྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་བརྟན་རྡོ་རྗེ།