ལི་ཀྲན་ཧྲུའུ་ཡིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-11-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུ་དང་མཇལ་འཕྲད་གནང་བ་རེད།

ལི་ཀྲན་ཧྲུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་གཉིས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་ཁྱོན་ཡོངས་རོགས་ཟླའི་འབྲེལ་བ་དུས་རབས་གསར་པར་སླེབས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། དེང་གི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་མོའི་འབྲེལ་བར་མིག་དཔེ་བཙུགས་ཡོད་པ་མ་ཟད། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་དང་ཨུ་རུ་སུ་ནི་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐུན་མོང་ངོས་འཛིན་ཕྱོགས་གཉིས་ཀས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། གོམས་གང་མདུན་སྤོས་ཀྱིས་འཐབ་ཇུས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འགན་ནུས་གང་ལེགས་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མཐུད་ངང་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

མེ་ཏེ་ཝེ་ཅེ་ཧྥུ་ཡིས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་ལོ་རྒྱུས་ཐོག་གི་དུས་སྐབས་བཟང་ཤོས་སུ་གནས་ཡོད་པས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེན་པོ་ཡོད་པ་རེད། ཨུ་རུ་སུ་དང་ཀྲུང་གོར་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་པའི་འགན་འཁྲི་ཡོད་པས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་བརྟན་རྡོ་རྗེ།