ཞི་ཅིན་ཕིང་གིས་སྐབས་ལྔ་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་ལྔ་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྤྱི་ཟླ་༡༡ཚེས་༧ཉིན་ཀྲེ་ཅང་གི་ཨུ་ཀྲེན་དུ་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དེང་དུས་ཀྱི་འཛམ་གླིང་འདི་ཉིད་ཁྱབ་ཁོངས་སྔར་བས་རྒྱ་ཆེ་བ་དང་བང་རིམ་སྔར་བས་གཏིང་ཟབ་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་སྒྱུར་ཡོང་དང་ཡོང་མུས་རེད། དྲ་སྦྲེལ་དང་གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་དེང་རབས་ཆ་འཕྲིན་ལག་རྩལ་བཅས་ཟམ་མི་ཆད་པར་འགག་གཏོར་ཡོང་བཞིན་ཡོད་པ། གྲངས་གཞིའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ། རྒྱལ་ཁབ་ཁག་གི་ཁེ་ཕན་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད། འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་སྒུལ་ནུས་གསར་པ་སྣོན་རྒྱུར་ང་ཚོས་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་མགྱོགས་སུ་བཏང་ནས་འཛམ་གླིང་ཡོངས་ཀྱི་དྲ་སྦྲེལ་བཅོས་སྐྱོང་མ་ལག་སྔར་བས་གཞུང་དྲང་དང་ལུགས་མཐུན་སྒོ་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་ཚུལ་མི་འདྲ་བ་དང་དྲ་སྦྲེལ་གོང་འཕེལ་གྱི་དུས་རིམ་མི་འདྲ་བ། མདུན་དུ་འཕྲད་པའི་དོན་དངོས་འགྲན་རྩོད་མི་འདྲ་བ་བཅས་ཡིན་རུང་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འདུན་པ་གཅིག་མཚུངས་ཡིན་པ་དང་དྲ་སྦྲེལ་བདེ་འཇགས་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ཁེ་ཕན་གཅིག་མཚུངས་ཡིན་པ། དྲ་སྦྲེལ་སྟོང་ཆ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་དགོས་མཁོ་གཅིག་མཚུངས་བཅས་རེད། རྒྱལ་ཁབ་ཁག་གིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཉམ་བསྐྱོད་བྱེད་རྒྱུུ་སྒུལ་ཤུགས་བརྩི་བ་དང་མཉམ་རྒྱལ་ཡོང་རྒྱུ་དམིགས་འབེན་ལ་བརྩིས་ཐོག་ཕན་ཚུལ་ཡིད་ཆེས་དང་མཉམ་བཅོས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་དྲ་སྦྲེལ་སྟོང་ཆའི་ལས་དབང་གཅིག་མཐུན་མ་ལག་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་སྔར་བས་ཆེ་བ་ལྡན་པ་བྱེད་དགོས་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཐེངས་འདིའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཕན་ཚུལ་ཡིད་ཆེས་དང་མཉམ་བཅོས་ཀྱི་གྲངས་གཞིའི་འཛམ་གླིང་སྐྲུན་རྒྱུ་སྟེ་ལག་གདང་སྦྲེལ་ནས་དྲ་སྦྲེལ་སྟོང་ཆའི་ལས་དབང་གཅིག་མཐུན་མ་ལག་མཉམ་འཛུགས་བྱེད་་ཅེས་པ་དེ་ཡིན་པས་ཚང་མས་མང་གྲོས་བློ་བསྡུ་དང་ཐུན་མོང་ངོས་འཛིན་ཆེ་རུ་བཏང་ནས་འཛམ་གླིང་ཡོངས་ཀྱི་གྲངས་གཞི་ཅན་གྱི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་ཀྱི་གྲངས་གཞིའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་དང་དྲ་སྦྲེལ་གོང་འཕེལ་གྱི་གྲུབ་འབྲས་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་སྔར་བས་ལེགས་པ་སྐྲུན་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་འགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཡོད་པ་རེད།

ཧོང་ཁུན་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་བཏོན་གནང་བའི་དགོངས་པ་དང་འདོད་ཚུལ་ཐོག་ནས་དྲ་སྦྲེལ་གོང་འཕེལ་འགྲོ་ཕྱོགས་ལ་དགོངས་པ་ཟབ་མོ་བཞེས་གནང་བ་དང་ཆ་འཕྲིན་དུས་རབས་ཀྱི་མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་ལ་ཚད་མཐོའི་དོ་ཁུར་གནང་གི་ཡོད་པ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་གྲངས་གཞིའི་འཛམ་གླིང་འཛུགས་སྐྲུན་བྱེད་རྒྱུར་བསམ་འདུན་བཟང་པོ་འཆང་གནང་ལུགས་བཅས་གང་ལེགས་མངོན་ཡོད་པ་དང་འཛམ་གླིང་ཡོངས་ཀྱི་དྲ་སྦྲེལ་གོང་འཕེལ་དང་བཅོས་སྐྱོང་བྱེད་རྒྱུར་ཀྲུང་གོའི་བློ་རིག་ལེགས་སྐྱེས་སུ་འབུལ་ཡོད་ཅེས་གསུངས་འདུག

ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཕན་ཚུལ་ཡིད་ཆེས་དང་མཉམ་བཅོས་ཀྱི་གྲངས་གཞིའི་འཛམ་གླིང་སྐྲུན་རྒྱུ་སྟེ་ལག་གདང་སྦྲེལ་ནས་དྲ་སྦྲེལ་སྟོང་ཆའི་ལས་དབང་གཅིག་མཐུན་མ་ལག་མཉམ་འཛུགས་བྱེད་་ཅེས་པ་དེ་ཡིན་པ་དང་རྒྱལ་ཁབ་དང་ས་ཁུལ་༧༦ནས་ཕེབས་པའི་སྐུ་མགྲོན་༡༥༠༠ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།