ལི་ཁེ་ཆང་གིས་འཇར་མན་ཁེ་ལས་ཀྱི་འགན་འཁུར་མི་སྣར་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཚོམས་ཆེན་དུ་འཇར་མན་རྟ་མཆོག་ཚོགས་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཁོ་ལུའུ་ཀེར་མཇལ་འཕྲད་གནང་བ་རེད།

ལི་ཁེ་ཆང་གིས། ཀྲུང་འཇར་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་ཕྱོགས་གཉིས་ཐུན་མོང་ཁེ་ཕན་དང་མཐུན་ཡོད། རྟ་མཆོག་ཀུང་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་རྣམ་གྲངས་གསར་ཤོས་དེ་ལིའོ་ཉིང་ཧྲེན་ཡང་དུ་འགོ་ཚུགས་གྲབས་ཡོད་པ་དང་། དེ་ནི་ཀྲུང་གོའི་ཕྱོགས་ནས་རླངས་འཁོར་ལས་རིགས་ཀྱི་ཕྱི་རྒྱལ་ཚོང་པ་ཀྲུང་གོར་མ་འཇོག་མ་རྐང་གི་བསྡུར་གྲངས་ཚད་བཀག་ལྷོད་དུ་བཏང་རྗེས་ཀྱི་ཕན་ཁེ་ཐོབ་མཁན་དང་པོ་དེ་ཡིན། འདིའི་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་སྒོ་མོ་འབྱེད་པའི་བྱེད་ཐབས་གསར་པ་དེ་ཁ་ནས་བཤད་ཡོད་ལ། དེ་བས་ཏན་ཏན་ཏིག་ཏིག་གི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བ་མཚོན་པར་བྱས་ཡོད་ཅེས་དང་།

ལི་ཁེ་ཆང་གིས། ཕྱིས་འབྱུང་ང་ཚོས་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། སྒོ་དབྱེ་རྣམ་པའི་ཆུ་ཚད་དེ་བས་མཐོ་རུ་གཏོང་རྒྱུ། ཀྲུང་གོ་དེ་ཉིད་ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་སའི་གཤིན་ས་ཡག་ཤོས་ཤིག་ཏུ་མུ་མཐུད་དེ་འགྱུར་བ་བྱེད་རྒྱུ་མ་ཟད་དུས་ཡུན་རིང་པོ་ཞིག་གི་ནང་གནས་པ་བྱེད་རྒྱུ་ཡིན། ང་ཚོས་འཇར་མན་གྱི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་གོར་མ་འཇོག་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དེ་བས་ལེགས་པའི་སྒོ་ནས་ཐུན་མོང་གི་གོང་འཕེལ་འཕེལ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཁོ་ལུའུ་ཀེས། ཀྲུང་གོ་ནི་རྟ་མཆོག་ཀུང་སིའི་ཁྲོམ་ར་ཆེ་ཤོས་ཡིན། ང་ཚོས་ཀྲུང་གོར་མ་འཇོག་བྱེད་པའི་གོ་སྐབས་ལ་གཅེས་འཛིན་ལྡབ་འགྱུར་བྱེད་རྒྱུ་དང་། བཟོ་གྲྭ་གསར་པ་བཙུགས་པ་དེ་གོ་སྐབས་སུ་བརྩིས་ནས་ཀྲུང་གོའི་བར་གྱི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།