ལི་ཁེ་ཆང་གིས་རེས་སྐོར་བཞི་པའི་ཀྲུང་ལྗར་ཁེ་ལས་མཁས་པ་དང་མཐོ་རིམ་དཔོན་རིགས་ཟུར་པའི་སྐད་ཆ་བཤོད་རེས་ཀྱི་ཚོགས་འདུར་ཞུགས་པའི་ལྗར་ཕན་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད་ཞུགས་མོལ་ཚོགས་འདུ་གནང་བ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཚོམས་ཆེན་དུ་རེས་སྐོར་བཞི་པའི་ཀྲུང་ལྗར་ཁེ་ལས་མཁས་པ་དང་མཐོ་རིམ་དཔོན་རིགས་ཟུར་པའི་སྐད་ཆ་བཤོད་རེས་ཀྱི་ཚོགས་འདུར་ཞུགས་པའི་ལྗར་ཕན་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད་ཞུགས་མོལ་ཚོགས་འདུ་གནང་བ་རེད།

ལི་ཁེ་ཆང་གིས། ད་ལོ་ནི་ཀྲུང་ལྗར་མཛའ་གྲོགས་ཆིང་ཡིག་བཞག་ནས་ལོ་ངོ་༤༠འཁོར་བའི་ལོ་དང་ཏག་ཏག་འཁེལ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་ཐབས་འོག་ལ་ཀྲུང་ལྗར་འབྲེལ་བ་ལེགས་བཅོས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོར་ཤུགས་སྣོན་ཐེབས་ཡོད། ཕྱོགས་གཉིས་པོས་མུ་མཐུད་དེ་ཀྲུང་ལྗར་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་དང་། ལོ་རྒྱུས་དཔྱད་གཞིར་བཟུང་བ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་དགོངས་པར་གཞིགས་ནས། ཁ་ཕྱོགས་གཅིག་པར་བསྐྱོད་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལྷིང་དང་ཡུན་རིང་དུ་གནས་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་དང་།

ལི་ཁེ་ཆང་གིས། ཀྲུང་ལྗར་ནི་འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོ་ཡིན་པའི་ངོས་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དེས་ཕྱོགས་གཉིས་པོར་ཕན་ཐོགས་ཡོད་པ་མ་ཟད་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་དང་ཉོ་ཚོང་གོང་འཕེལ་འགྲོ་བར་ཡང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བཟང་ཆ་གསབ་རྗེས་གང་ལེགས་བྱེད་རྒྱུ་དང་། ཉོ་ཚོང་མ་འཇོག་དང་ནོར་སྲིད་དངུལ་རྩ། གསར་གཏོད་དང་ལག་རྩལ་མཐོ་གྲས་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་སྐྱེད་དུ་བཏང་སྟེ། ཐུན་མོང་ཐོག་ཕྱོགས་གསུམ་ཁྲོ་ར་གཏོད་རྒྱུ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོས་མུ་མཐུད་དེ་སྒོ་དབྱེ་རྒྱ་སྐྱེད་དུ་གཏོང་རྒྱུ་ཡིན་པས་ལྗར་ཕན་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་མུ་མཐུད་དེ་ཀྲུང་ལྗར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་ཀྲུང་ལྗར་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཐོག ཐུན་མོང་ངང་རྒྱུན་མཐུད་དར་རྒྱས་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ལྗར་ཕན་གྱི་དབུ་ཞུགས་བློན་ཆེན་ཟུར་པ་ཧྥུའུ་ཐེན་ཁང་ཧྥུའུ་དང་ལྗར་ཕན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུང་ཤི་ཧུང་མིང་སོགས་ལྗར་ཕན་ཕྱོགས་ཀྱི་འཐུས་མིས། ད་ལོའི་སྤྱི་ཟླ་༥པར་ཙུང་ལི་ལི་ཁེ་ཆང་གིས་ལྗར་ཕན་ལ་བདེ་བླག་ངང་དངོས་གཞིའི་འཚམས་འདྲི་གནང་བ་དང་། དེས་ལྗར་ཀྲུང་འབྲེལ་བ་རྒྱུན་ལྡན་འཁོར་ལམ་ཐོག་སླར་ཡང་ལོག་རྒྱུར་སྐུལ་འདེད་ཐེབས་ཡོད་པ་དང་། ལྗར་ཕན་ཕྱོགས་ཁག་གིས་དེར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད། ལྗར་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལས་རིགས་ཀྱིས་སྟེགས་བུ་མང་པོ་བརྒྱུད་དེ་རྒྱུན་ལྡན་རང་བཞིན་གྱི་སྦྲེལ་མཐུད་སྤེལ་རེས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ་དང་མཉམ་ལས་རྒྱ་སྐྱེད་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན། ལྗར་ཕན་དཔལ་འབྱོར་ལས་རིགས་ཀྱིས་ཀྲུང་གོའི་ཕྱོགས་དང་གསར་གཏོད་དང་ཕྱོགས་གསུམ་ཁྲོམ་རའི་མཉམ་ལས་ཧུར་བརྩོན་ཆེན་པོས་འཚོལ་ཞིབ་དང་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོས་ཁོར་ཡུག་སྲུང་སྐྱོབ་དང་ལོ་བགྲེས་ཅན་དུ་འགྱུར་བར་ཁ་གཏད་གཅོག་པ་སོགས་ཐུན་མོང་འགྲན་རྩོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པའི་རྣམ་པ་བསྟན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།