ཧེན་ཀྲེང་གིས་གྲེན་ཏུའུ་རུ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་༡༠པའི་ཚེས་༨ནས་༩ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧེན་ཀྲེང་གིས་སི་ཁྲོན་གྲེན་ཏུའུ་རུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་གོང་འཕེལ། གྲོང་ཁྱེར་འཆར་འགོད་འཛུགས་སྐྱོང་དང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་སོགས་ཀྱི་གནད་དོན་ཐད་རྟོག་ཞིབ་གནང་ཡོད་པ་རེད།

ཧེན་ཀྲེང་ཀྲུང་གོ་སི་ཁྲོན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཆིང་པའེ་ཅང་ལྕགས་ལམ་གྲུ་ཁ་ཡུག་སྦྲེལ་ཁུལ་དུ་ཕེབས་ནས། གྲེན་ཏུའུ་དང་ཡོ་རོབ་སྦྲེལ་ཞེས་པའི་བགྲོད་ལམ་དང་། དྲ་བའི་ཁྱབ་སྟངས་གནས་ཚུལ་ཐད་བཀའ་འདྲི་ཞིབ་འདྲ་གནང་བ་མ་ཟད། ཀྲུང་གོ་ནས་ཡོ་རོབ་བར་གྱི་མེ་འཁོར་ལན་གྲངས་ཞིག་ལ་ཕེབས་སྐྱེལ་ཞུས་གནང་ཡོད། ཁོང་གིས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་འོག་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་དང་། སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བྱ་ཐབས་ཤིག་རེད། ལམ་ལུགས་གསར་གཏོད་ཀྱི་ལྟེ་བ་དམ་པོར་བཟུང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རང་རྟོགས་ངང་ཞབས་ཞུ་སྒྲུབ་པ་དང་། ནུབ་རྒྱུད་ས་ཁུལ་གྱི་སྐམ་མཚོའི་བགྲོད་ལམ་ཆེན་མོ་གཏོད་རྒྱུར་སྐུལ་འདེད་གཏོང་བ། གྲེན་ཏུའུ་དང་ཡོ་རོབ་ཀྱི་ལྟེ་བ་གཏོད་པ། མཉམ་འབྲེལ་མཉམ་མཐུད་མངོན་འགྱུར་ཐུབ་པ་བྱེད་པ། ནུབ་རྒྱུད་ས་ཁུལ་གྱི་གསར་གཏོད་སྒོ་དབྱེའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་བ་བཅས་བྱས་ནས། ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གྲུབ་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཧན་ཀྲེང་གིས་ཐན་ཧྥུ་ཁུལ་གསར་འཆར་འགོད་ཐིང་ནང་གི་འཆར་འགོད་བྱེ་གཞོང་ལ་ལྟ་ཞིབ་ཞིབ་ཕྲ་གནང་ནས། གྲེང་ཏུའི་ཁྱབ་ཁོངས་ཡོངས་ཀྱི་བར་ཁམས་གྲུབ་ཚུལ་འཆར་འགོད་ལ་མཁྱེན་རྟོགས་གནང་བ་དང་། ཁོང་གིས། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་བྱེད་པར་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས། འཆར་མང་གཅིག་བསྡུས་མངོན་འགྱུར་དང་། སྟོང་ཆ་གསོག་ཉར་བྱ་རྒྱུར་སྣང་ཆེན་བྱས་ཏེ། རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་བར་ཁམས་འདང་ངེས་འཇོག་དགོས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱར་གཞིགས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གསར་གཏོད་མཉམ་འགུལ་གྱི་གོང་འཕེལ་འཐབ་ཇུས་ལག་བསྟར་བྱས་ཏེ། འགུལ་ནུས་གསར་པ་དང་སྲོལ་རྒྱུན་འགུལ་ནུས་བརྗེ་བསྒྱུར་རིམ་སྤོར་བྱེད་པའི་ཐད་གོམ་གང་མདུན་སྤོས་བྱ་དགོས་ཞེས་བསྟན་གནང་ཡོད།

ཧེན་ཀྲེང་གིས། སི་ཁྲོན་སློབ་གྲྭ་ཆེན་མོའི་ཀྲེ་ཧྲེང་མཉེན་ཆས་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས། མཐོ་གསར་ཚན་རྩལ་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་ཚན་རྩལ་རྣམས་གྲངས་ཆེན་མོ་ཁག་གི་ནང་ཞུགས་པའི་གནས་ཚུལ་ཐད་རྟོག་ཞིབ་དང་མཁྱེན་རྟོགས་གནང་བ་དང་། ཁོང་གིས། ཚན་ཞིབ་གྲུབ་འབྲས་ཀྱི་བེད་སྤྱོད་དང་ཐོན་ལས་ཅན་དང་ཁྲོམ་རའི་སྒྲིག་གཞི་བརྒྱུད་ཐོན་ཁུངས་སྒྲིག་སྦྱོར་བྱས་ནས། དེ་བས་མང་བའི་ཚན་ཞིབ་གྲུབ་འབྲས་མཐོ་གསར་ཚན་རྩལ་ཐོན་རྫས་དང་། ཐོན་སྐྱེད་ནུས་ཤུགས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་མཁས་པ་དང་། ཁེ་ལས་མཁས་པའི་གསར་གཏོད་གཙོ་གཟུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་ཀྱིས་གཙོ་གཟུགས་བྱས་པའི་ཐོན་ལས་དང་། སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་རོགས་ལས་གསར་གཏོད་སྒྲིག་གཞི་བཙུགས་ནས། ཚན་ཞིབ་གྲུབ་འབྲས་ཀྱི་བེད་སྤྱོད་དང་ཐོན་ལས་ཅན་ལ་འགྱུར་རྒྱུར་འདེགས་སྐྱོར་བྱེད་ཚད་ཤུགས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཧེན་ཀྲེང་ཀྲུང་གོ་དང་ཡོ་རོབ་ལྟེ་གནས་སུ་ཕེབས་ནས། རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་སྟེགས་བུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཁོང་གིས། ནུབ་རྒྱུད་ས་ཁུལ་གྱིས་གནས་སའི་ཁྱད་ཆོས་ལ་གཞིགས་ནས་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ཏེ། སྐམ་སའི་དབུས་ཁུལ་དུ་གལ་ཆེའི་དཔལ་འབྱོར་ས་ཚིགས་འཛུགས་སྐྱོང་ཧུར་ཐག་བྱ་དགོས་ཞེས་བསྟན་གནང་བ་དང་། ཧེན་ཀྲེང་གིས། གྲེན་ཏུར་བཅའ་སྡོད་འཇར་མན་གྱི་པ་ཧྥ་ལིད་ཡ་དང་། ཕོ་ལན་ལོ་ཚེའི་སྐུ་ཚབ་སོགས་དང་ཕན་ཚུན་སྤེལ་རེས་གནང་བ་དང་། དེ་བས་མང་བའི་དཔལ་འབྱོར་རིག་གནས་སྤེལ་རེས་བྱས་པ་བརྒྱུད་ཕྱི་རྒྱལ་གྱི་གྲོགས་པོ་ཚོར་ཀྲུང་གོའི་ཕྱི་ཕྱོགས་སྒོ་མོ་སྔར་བས་ཆེ་རུ་གཏོང་བཞིན་པ་མྱོང་ཚོར་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

ཧེན་ཀྲེང་གིས་ད་དུང་གྲེན་ཏུའུ་ཅིང་ཏུང་ཧྥང་འོད་གློག་ཚན་རྩལ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ནས། ཁེ་ལས་ཀྱི་གོང་འཕེལ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ། ཁྲོམ་རའི་ཐོག་ཕྱིར་བཙོང་། དེ་བཞིན་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་འགྲོ་ཚུལ་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།