ཧན་ཀྲེན་གྱིས་ཨོ་མན་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་བཙུགས་ལྷན་ཚོགས་ཀྱི་གྲོས་མི་དང་མཇལ་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེན་གྱིས་སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུའུ་ཞི་ཧེ་དབྱི་ཁྲེང་གིས་སྣེ་ཁྲིད་གནང་བའི་ཨོ་མན་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་བཙུགས་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པ་དང་མཇལ་མོལ་གནང་བ་དང་། ཁོང་ཚོ་དང་སྤེལ་རེས་བྱེད་པ་དང་མཉམ་དུ་དྲན་རྟེན་སྐུ་པར་བརྒྱབ་ཡོད།

ཧན་ཀྲེན་གྱིས་འཚམས་འདྲི་ཚོགས་པས་ཨོ་མན་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་བཙུགས་ལྷན་ཚོགས་ཀྱི་ལས་དོན་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་བ་མ་ཟད་ཁོང་ཚོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་ཁྲིམས་བཙུགས་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨོ་མན་ལས་དོན་ཐད་གནང་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། ༼རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་༽ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཏན་ཏིག་བྱེད་རྒྱུ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་ནུས་ལྡན་བྱེད་རྒྱུ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཕྱོགས་ཁག་འབྲེལ་གཏུགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་རྒྱུ། ཨོ་མན་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འོས་མཚམས་ངང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། དེ་བཞིན་གྲོང་མིའི་འཚོ་བ་ལེགས་བཅོས་བྱེད་རྒྱུ་བཅས་ཀྱི་རེ་བ་བཏོན་གནང་ཡོད་པ་རེད།

ཧེ་དབྱི་ཁྲེང་གིས་གཏམ་བཤད་ནང་། ཨོ་མན་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་བཙུགས་ལྷན་ཚོགས་ཀྱིས་གཞི་རྩའི་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་དེ་བས་ཡག་པ་བྱས་ཏེ། ཨོ་མན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་། ༼རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་༽ཀྱི་བྱ་བཞག་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པ་བསྟན་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།