ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་མཚོ་ཞེས་པའི་ཨུ་རུ་སུ་ཡོངས་ཀྱི་བྱིས་པའི་ལྟེ་གནས་ལ་འཚམས་འདྲི་གནང་བར་ལན་ཆ་ཆེན་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩པའི་ཚེས་༡༢ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་ལྷན་དུ་རྒྱ་མཚོ་ཞེས་པའི་ཨུ་རུ་སུ་ཡོངས་ཀྱི་བྱིས་པའི་ལྟེ་གནས་སུ་འཚམས་འདྲི་གནང་བ་དང་། དེ་སྔོན་དེ་གར་ལུས་ཁམས་གསོ་བའི་སི་ཁྲོན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་སློབ་མའི་འཐུས་མི་དང་ལོ་དེར་ཁོ་ཚོ་གསོ་ཉར་གནང་མཁན་གྱི་ཨུ་རུ་སུའི་དགེ་རྒན་ལ་གཟིགས་ཡོད་པ་རེད། ཁོང་གིས། གཞོན་ནུ་ལོ་ཆུང་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་ཀྱི་འབྱུང་འགྱུར་ཡིན་ལ། འཛམ་གླིང་གི་འབྱུང་འགྱུར་ཡང་ཡིན་པས། གཞོན་ནུ་ལོ་ཆུང་གིས་ཤེས་དཔལ་མི་འདྲ་བའི་བར་གྱི་སྤེལ་རེས་དང་སྐད་ཆ་ཤོད་རེས་ནང་ཐེ་ཞུགས་ཧུར་ཐག་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ལང་ཚོ་དང་བློ་རིག སྟོབས་ཤུགས་བཅས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། ས་ཆ་དངོས་སུ་ཡོད་པའི་གཞོན་ནུ་ལོ་ཆུང་གིས་གཅིག་རྗེས་གཉིས་མཐུད་ངང་། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་ཡག་པོ་ཞིག་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་རྒྱུད་པའི་མཛའ་གྲོགས་ཀྱི་རླབས་ཆེའི་བྱ་གཞག་གི་དཔལ་འབར་དེ་གཅིག་རྒྱུད་གཅིག་འཛིན་བྱས་ནས་ནམ་ཡང་རྒྱུན་མི་ཆད་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ལོ་བཅུའི་གོང་། པེ་ཁྲོན་གྱི་བུ་ཞི་ཅུན་ཧྥེ་ཡིས་རང་གི་འདུན་པ་ཞིག་སྟེ། ནར་སོན་རྗེས་ཨུ་རུ་སུར་སློབ་སྦྱོང་བྱེད་པར་ཕྱིན་ནས་ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་ཆེད་ལེགས་སྐྱེས་འབུལ་རྒྱུ་དེ་ཤེལ་དམ་ཞིག་གི་ནང་བླུགས་ནས་ཆུ་ནང་དུ་བསྐུར་ཡོད་པ་རེད། ཟླ་བ་བཞིའི་རྗེས་སུ། ཤེལ་དམ་དེ་ངོ་མཚར་ཆེ་བའི་ངང་རྒྱ་མཚོ་ཞེས་པའི་ཨུ་རུ་སུ་ཡོངས་ཀྱི་བྱིས་པའི་ལྟེ་གནས་སུ་ཕྱིར་ལོག་ཡོད། ད་ཆ། ཞི་ཅུན་ཧྥེ་ནི་ཨུ་རུ་སུ་རྒྱང་ཤར་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་ཞིག་ཡིན། སྤྱི་ཟླ་༩པའི་ཚེས་༡༢ཉིན་གྱི་ཕྱི་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏམ་རྒྱུད་འདི་བརྩེ་བ་ཟབ་མོས་གསུངས་པ་མ་ཟད་དེ་རྗེས་བྱིས་པའི་ལྟེ་གནས་ལ་འཚམས་འདྲི་གནང་སྐབས་ས་ཆ་དངོས་ཀྱི་དགེ་སློབ་རྣམས་ལ་སློབ་གྲོགས་ཞི་ཅུན་ཧྥེ་འདི་གར་སླེབས་ཡོད་དམ་ཞེས་བཀའ་འདྲི་གནང་ཡོད་པ་རེད། ཞི་ཅུན་ཧྥེ་ཡིས་སྐབས་དེ་དུས་ཀྱི་རྣམ་པ་གླེང་སྐབས་ཚོར་སྣང་ཟབ་མོའི་ཐོག་ནས། ངའི་ངོས་ནས་བཤད་ན་འདི་ནི་ཧ་ཅང་བསམ་ཡུལ་ལས་འདས་པ་ཞིག་དང་སེམས་འགུལ་ཐེབས་དགོས་པ་ཞིག་རེད། ཆུར་སྐྱེལ་ཤེལ་དམ་གྱི་གཏམ་རྒྱུད་དེ་འདས་ཟིན་པའི་ལོ་བཅུའི་ནང་མུ་མཐུད་བྲིས་ཡོད། དངོས་གནས་བྱས་ན་ངའི་བསམ་པར་ང་རང་ནི་ཕྲུ་གུ་བསོད་ནམས་ཅན་ཞིག་རེད་བསམ་གྱི་འདུག ང་གཙོ་བོ་མ་ཡིན་ཏེ། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་དེ་གཙོ་བོ་རེད་ཅེས་བཤད་ཡོད་པ་རེད།

ན་གཞོན་༤༠ལྷག་གིས་ལོ་དེར་རྒྱ་མཚོ་ལྟེ་གནས་སུ་ལུས་གསོའི་བྱིས་པ་རྣམས་ཀྱི་འཐུས་ཚབ་ཡིན་པའི་ངོས་ནས་ལྟེ་གནས་ཀྱི་དགེ་རྒན་དང་ལས་བཟོ་པ་དང་མཉམ་དུ་དྲིན་ཚོར་གྱི་སེམས་ཞེས་པའི་གླུ་གཞས་མཉམ་གཏོང་བྱས་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། དེ་རིང་གི་བྱེད་སྒོ་ནི་སྤྱིར་བཏང་ཞིག་གཏན་ནས་མ་ཡིན། དེའི་ཐོག་ནས་ཀྲུང་གོ་དང་ཨུ་སུ་རུའི་མི་དམངས་བར་གྱི་གཅེས་སེམས་ཆེན་མོ་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ། མེ་ཏོག་བཞད་པ། འབྲས་བུ་ཐོགས་པ་བཅས་མཚོན་ཐུབ་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོར། བཀའ་དྲིན་ཆུ་ཐིགས་ཙམ། དྲིན་ལན་མཚོ་ལྟར་འཇལ་ཞེས་པའི་ཤོད་སྟངས་ཤིག་ཡོད་ལ། འདི་གར་ནི་རྒྱ་མཚོ་ཡིན། ཁྱེད་ཚོས་མཚམས་ཚད་མེད་པའི་གཅེས་སེམས་ཀྱི་ཐོག་ནས་ཨུ་རུ་སུའི་མི་དམངས་ལ་དྲིན་ལན་འཇལ་དགོས་པ་དང་། རང་གི་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་ཞེས་གསུངས་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་ནས་མཉམ་དུ་ཡར་རྒྱས་ཡོང་བ། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་ཡག་པོ་ཞིག་བྱ་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་རླབས་ཆེ་བའི་བྱ་གཞག་རྒྱུན་འཛིན་བྱས་ཏེ་ནམ་ཡང་མི་ཆད་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཐེངས་འདིར་བྱིས་པའི་ལྟེ་གནས་ལ་བསྐྱར་ལོག་བྱེད་པའི་ཤའོ་ཡུས་ནི་ད་ཆ་གསར་འགོད་པ་ཞིག་ཡིན། ཁོང་གིས། ང་ཚོ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་། ལྷག་པར་དུ་ང་ཚོ་རྒྱ་མཚོ་ལྟེ་གནས་སུ་འཚོ་བ་སྐྱེལ་མྱོང་བའི་བྱིས་པ་ཞིག་གི་ངོས་ནས་བཤད་ན། དེ་བས་ཀྱང་རྒྱལ་ཁབ་གཉིས་པོ་མཛའ་མཐུན་མཉམ་གནས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱེད་དགོས་ཞེས་བཤད་ཡོད་པ་རེད། ཁོང་གིས། རང་ཉིད་ནས་སློབ་སྦྱོང་ཧུར་ཐག་བྱེད་པ་དང་འཇོན་ཐང་ཅན་ཞིག་ཏུ་གྱུར་བ་བྱས་ཏེ། རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་དང་ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་ཀྱི་རྒྱུད་སྤེལ་བ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཤའོ་ཡུས་ཀྱིས། ངས་རང་འཁྲིའི་འགན་གནས་ཐོག་ལས་དོན་ཡག་པོ་སྒྲུབ་ནས། གཏམ་རྒྱུད་འདི་རྒྱུད་སྤེལ་བྱ་རྒྱུ་དང་། མེས་རྒྱལ་གྱི་བཀའ་དྲིན་དེར་དྲིན་ལན་འཇལ་རྒྱུ་ཡིན་ལ། དེ་བས་ཀྱང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་གོང་འཕེལ་ཡོང་ཆེད་རང་གི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཞི་ཅུན་ཧྥེ་ཡིས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་སློབ་སེམས་སུ་བརྟན་པོ་ངེས་ནས། རྒྱལ་གཅེས་ཁྱིམ་གཅེས་དང་། དཀའ་བ་ཁྱད་བསད་ཀྱིས་ཡོན་ཏན་སློབ་སྟེ། རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣར་གྱུར་བ་བྱ་རྒྱུ་དང་། ཕན་ཚུན་དགའ་གཅེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ། རྒྱལ་ཁབ་གཉིས་པོ་འགྲོ་འོང་བྱེད་པའི་འབྲེལ་ཟམ་ལྟ་བུར་གྱུར་བ་བྱ་རྒྱུ་ཡིན་ཞེས་དང་། ཞི་ཅུན་ཧྥེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངག་བཅོལ་ཆུད་ཟོས་སུ་གཏོང་མི་སྲིད་ལ། ཁོང་གིས་ཐུགས་ཁུར་གནང་བ་ཆུད་ཟོས་སུ་མི་གཏོང་བར། སླད་ཕྱིན་སེམས་ཤུགས་ལྡབ་གྱུར་གྱིས་སློབ་སྦྱོང་དང་འཇོན་ནུས་ཁོང་དུ་ཆུད་པ་བྱས་ཏེ། འབྱུང་འགྱུར་བྱ་སྤྱོད་ངོ་མའི་ཐོག་ནས་ཚང་མའི་བཀའ་དྲིན་འཇལ་ཐུབ་པ་བྱ་རྒྱུ་དང་། རང་གི་མེས་རྒྱལ་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།