ལི་ཁེ་ཆང་གིས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་དུ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་སེའེ་དུ། ལི་ཁེ་ཆང་གིས་ཐོན་རྫས་ཀྱི་སྤུས་ཚད་དང་ལྷག་པར་དུ་བྱིས་པའི་ཐོན་རྫས་ཚད་ལོན་ཚད་གནས་ཚུལ་སྐོར་བཀའ་འདྲི་གནང་བ་མ་ཟད། འཐབ་ས་དང་པོའི་ལྟ་སྐུལ་དོ་དམ་མི་སྣ་དང་བརྙན་མཐོང་སྤེལ་རེས་གནང་ནས། ཁོང་ཚོས་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་ཅེས་པའི་བྱ་ཐབས་བརྒྱུད་གཞུང་དྲང་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་བར་གདེང་འཇོག་གནང་ཡོད། ལི་ཁེ་ཆང་གིས། ཀྲུང་གོས་བཟོས་པ་དང་ཞབས་ཞུ་མཐོ་འབྲིང་ཕྱོགས་སུ་སྐྱོད་རྒྱུར། ངེས་པར་དུ་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་དགོས། དེ་ནི་སྲིད་གཞུང་ནས་ལྟ་སྐུལ་དོ་དམ་བྱེད་པའི་གཙོ་གནད་ཡིན་པ་དང་། ངེས་པར་དུ་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་བདེ་འཇགས་ལ་དམ་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་ཡོད།

དེའི་རྗེས་སུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གཤམ་སྤྲོད་དང་དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཆར་གཞི་སྙན་གསེང་ཞུས་ཡོད། ལི་ཁེ་ཆང་གིས། སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས། ཁེ་ལས་དང་མང་ཚོགས་ནས་ལས་དོན་གྲུབ་པའི་འགོག་རྐྱེན་སྣ་ཚོགས་མེད་པ་བཟོས་ཏེ། དེ་བས་ཡག་པའི་སྒོ་ནས་ཁེ་ལས་ལ་ཕན་པ་ཐོབ་པ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་དགོས་ཞེས་གསུངས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁུར་བས་སྙན་གསེང་ཞུས་ཡོད། ལི་ཁེ་ཆང་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་ལས་དོན་འབོར་ཆེན་གྲུབ་གནང་བར་གདེང་འཇོག་གང་ལེགས་གནང་ཡོད་ཅིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཤུགས་ཆེའི་འགོ་ཁྲིད་འོག ས་གནས་ཁག་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱེད་པ་དང་། གཤམ་སྤྲོད་དང་དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། དཔལ་འབྱོར་བརྟན་པོའི་ཁྲོད་ཡག་ཏུ་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབས་ལ་ཁ་གཏད་ནས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པ། ཁྲོམ་རའི་གསོན་ཤུགས་འདོན་སྤེལ་དེ་བས་ཆེ་བ་བྱེད་པ་དང་། ནང་འཁོའི་མི་མངོན་ནུས་པ་འདོན་སྤེལ་བྱེད་པ། གོང་འཕེལ་འགུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་གནང་ཡོད་པ་དང་།

ལི་ཁེ་ཆང་གིས། ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་ནང་འཛུལ་བའི་ཚད་གཞི་ལྷུག་ཏུ་བཏང་ཏེ། ཁྲོམ་རའི་གཙོ་གཟུགས་ལ་གོང་འཕེལ་གོ་སྐབས་དེ་བས་མང་པ་ཐོབ་པ་བྱེད་དགོས། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་ངུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འགྲན་རྩོད་ནུས་པ་མཐོ་རུ་གཏོང་བ་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ཁེ་ལས་ཆུང་གྲས་གོང་འཕེལ་ཡག་པོ་བྱུང་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་འཕར་རྩ་གཙོ་བོ་དེ་བས་ཡག་པ་དང་སྟོབས་ཤུགས་ཆེ་བ་ཡོང་ངེས་ཡིན་ཞེས་བསྟན་གནང་བ་དང་།

ལི་ཁེ་ཆང་གིས། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར། ཁེ་ལས་ཀྱི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱེད་པ་དང་། བཟོ་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་མ་ཟད། ཚད་གཞིས་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་མཐོ་རུ་བཏང་ནས། ཁེ་ལས་ཀྱིས་ཚད་གཞི་དེ་བས་མཐོ་བའི་ཕྱོགས་སུ་འབད་བརྩོན་བྱ་རྒྱུར་སྐུལ་མ་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱབ་ནས། ཀྲུང་གོས་བཟོས་པ་དང་ཞབས་ཞུའི་གྲགས་ཅན་ཚོང་རྟགས་དེ་བས་མང་བ་འཛམ་གླིང་ཐོག་སྐད་གྲགས་ཆོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་དང་།

ལི་ཁེ་ཆང་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་འཛུབ་ཁྲིད་བྱས་ཐོག འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།