ཧན་ཀྲེང་གིས་གོང་ཞི་རུ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༩ཚེས་༡༢ཉིན་ནས་༡༣ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་གོང་ཞི་ཡི་ནན་ཉིང་དང་ཆན་ཀྲའུ། པེ་ཧེའི་བཅས་སུ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད་པ་རེད།

ཧན་ཀྲེང་གིས་ཐོག་མར་ཀྲུང་གོ་དང་ཨེ་ཤི་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་རྒྱལ་སྤྱིའི་ཉོ་ཚོང་གི་ཁེར་རྐྱང་སྐར་ཁུང་དང་ཀྲུང་གོ་དང་ཨེ་ཤི་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲངས་གཞིའི་གོང་ཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་ཁོང་གིས། གོང་ཞི་ཡིས་ངེས་པར་དུ་རང་སྒུལ་སྒོ་ནས་བྱ་བ་བསྒྲུབ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོང་ཞི་ལ་སྤྲད་གནང་བའི་གནས་བབ་ཆེན་པོ་གསུམ་གྱི་ལས་འགན་གསར་པ་ལེགས་གྲུབ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་ཧན་ཀྲེང་གིས། དྲ་སྦྲེལ་ཐོག་སྣོན་སྲིད་དོན་ཞབས་ཞུ་ཞེས་པའི་འགག་རྩ་ནི་བེད་སྤྱོད་བྱེད་རྒྱུར་ཐུག་ཡོད་པས་གློག་རྡུལ་སྲིད་དོ་་ཞབས་ཞུ་དང་ཐོན་ལས། ཁེ་ལས་བཅས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བེད་སྤྱོད་གཏོང་བ་བརྒྱུད་འཛུགས་སྐྲུན་དང་དོ་དམ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ལྷོ་སྐྱོད་ལམ་བུ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་འབྲེལ་ཡོད་ཞིང་ཆེན་དང་ཨེ་ཤི་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་མཉམ་ལས་བྱས་ནས་གཏོད་པའི་རྒྱལ་སྤྱིའི་ཉོ་ཚོང་ཟོག་འདྲེན་ལམ་བུ་ཞིག་ཡིན་པ་དང་གོང་ཞི་ནི་གལ་ཆེའི་ལྟེ་བ་ཡིན་པ་རེད། ཧན་ཀྲེང་གིས་ཆན་ཀྲའུ་ཁྲལ་སྲུང་འགག་སྒོ་ཁུལ་དུ་ཕེབས་ནས་ལྷོ་སྐྱོད་ལམ་བུ་འཛུགས་སྐྲུན་བྱེད་རྒྱུར་རྟོག་ཞིབ་གནང་བ་དང་གོང་ཞི་ཡིས་གྲུ་ཁ་ཟླ་སྒྲིལ་བཏང་བ་དང་ཆུ་ལམ་ལེགས་སྒྱུར་གྱིས་ཁྲོམ་རའི་འགྲན་རྩོད་སྟོབས་ཤུགས་ཆེ་རུ་བཏང་བའི་བྱེད་སྟངས་ཁས་ལེན་གནང་བ་དང་ཁོང་གིས། ལྷོ་སྐྱོད་ལམ་བུ་འཛུགས་སྐྲུན་ཐུབ་ཚེ་ནུབ་རྒྱུད་ས་ཁུལ་གྱི་བྱང་ནས་ལྷོ་བར་གྱི་མཚོ་སྐྱོད་ལམ་བུ་ཆེན་པོ་གསར་པ་གཏོད་ཐུབ་ལ་འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྱི་ཁུར་པོ་སེལ་ཐུབ་ཀྱི་ཡོད། ལྕགས་ལམ་དྲ་བ་འཆར་འགོད་འཛུགས་སྐྲུན་ཡག་པོ་བྱས་ནས་མཚོ་ཐོག་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གོང་འཕེལ་ཤུགས་ཆེན་གཏོང་བ་དང་བྱང་རྒྱུད་གྲུ་ཁའི་ས་ཁོངས་འབྲེལ་མཐུད་ཡག་པོ་བྱེད་པ་དང་མཉམ་ཤུགས་འདོན་སྤེལ་དང་བཟང་ཆ་ཆེ་རུ་བཏང་ཐོག་མཚོ་ཐོག་ལ་ཁ་ཕྱོགས་པའི་དཔལ་འབྱོར་གོང་འཕེལ་ཡག་པོ་གཏོང་དགོས། དོས་སྒམ་གྲུ་ཁར་ཧན་ཀྲེང་གིས་ས་ཆ་དངོས་ཀྱི་ལས་དོན་མི་སྣར། བྱང་རྒྱུད་མཚོ་ཁུག་གྲུ་ཁར་ས་ཁམས་བཟང་ཆ་དང་ཆུ་གཏིང་རིང་བའི་ཆ་རྐྱེན་ཡག་པོ་ཡོད་པས་འཛུགས་སྐྲུན་དང་ལས་གཉེར། དོ་དམ་བཅས་ཡག་པོ་བྱས་པ་ཡིན་ན་རྒྱལ་སྤྱིའི་ཁྲོམ་རར་ཁ་ཕྱོགས་རྒྱུའི་ཐད་རེ་བ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

ཧན་ཀྲེང་གིས་ཀྲུང་གོ་དང་ཨེ་ཤི་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་འཛུགས་སྐྲུན་བྱེད་མཁན་ཀྲུང་ཤིན་ནན་ཉིང་རྒྱལ་སྤྱིའི་ཟོག་འདྲེན་ཁུལ་དང་ཀྲུང་མ་ཆན་ཀྲའུ་ཐོན་ལས་ཁུལ་དུ་ཕེབས་ནས་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་ཤེས་རྟོགས་གནང་ཡོད། ཀོན་ཅེ་བརྡ་སྟོན་ཚན་རྩལ་པེ་ཧེའི་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་དང་ཁོང་གིས། ཕྱི་དངུལ་ཁེ་ལས་ཀྱིས་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་བ་དང་བསྟུན་དགོས། གོང་ཞི་ཡིས་ཁྲོམ་རའི་ཁོར་ཡུག་དང་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་སྐྲུན་པ་དང་ཐུན་མིན་ས་ཁོངས་བཟང་ཆ་འདོན་སྤེལ་གྱིས་ཕྱི་དངུལ་ནུས་ལྡན་གྱིས་བློ་འགུག་བྱེད་པ་དང་ཤར་རྒྱུད་ས་ཁུལ་གྱི་སྤུས་ལེགས་ཐོན་ནུས་བརྗེ་སྒྱུར་འབྲེལ་མཐུད་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་འདུག

ཧན་ཀྲེང་གིས་ད་དུང་ཧྭ་དབྱི་ཆན་ཀྲའུ་རྗས་འགྱུར་བཟོ་ལས་རྒྱུ་ཆ་གསར་པ་གཞི་གཅིག་ཅན་རྟེན་གཞི་དང་ཀྲུང་གོའི་རྡོ་སྣུམ་གྱི་ཆན་ཀྲའུ་རྡོ་སྣུམ་ཏུན་བྱེ་བ་བཙོ་སྦྱང་རྣམ་གྲངས་ལ་རྟོག་ཞིབ་གནང་བ་དང་འཛུགས་སྐྲུན་འཕེལ་རིམ་དང་ལས་གཉེར་གནས་ཚུལ་ཤེས་རྟོགས་གནང་བ་དང་ཁོང་གིས། ཁེ་ལས་ཆེ་གྲས་དང་རྣམ་གྲངས་ཆེ་གྲས་ཀྱིས་ས་གནས་དེ་གའི་ལས་ཞུགས་དང་ཁྲལ་བསྡུ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཐོན་ལས་འབྲེལ་འཐག་ལ་སྐུལ་ཁྲིད་ཀྱིས་ས་གནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།