ཞི་ཅིན་ཕིང་སྐབས་བཞི་པའི་ཤར་ཕྱོགས་གླེང་སྟེགས་ལ་ཕེབས་པའི་གྲུབ་འབྲས།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་ཕེབས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ།༽

སྤྱི་ཟླ་དགུ་པའི་ཚེས་༡༡དང་༡༢ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཨུ་རུ་སུར་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་ཕེབས་ཏེ། ཙུང་ཐུང་ཕུ་ཅིང་དང་ལྷན་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གོང་འཕེལ་ལ་ཁྲིད་སྟོན་གནང་བ་དང་། ཨེ་ཤ་ཡ་བྱང་ཤར་ཕྱོགས་ཁག་དང་མཉམ་དུ་ས་ཁོངས་ཀྱི་ཞི་བདེ་གོང་འཕེལ་གྱི་ཇུས་ཆེན་ལ་མཉམ་གྲོས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་སྐབས་ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་གནང་སྟེ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་པ་དང་། ས་ཁོངས་མཉམ་ལས་ལ་མདུན་ལྗོངས་གསར་པ་གཏོད་པ། རྒྱལ་སྤྱིའི་འབྲེལ་བར་རྣམ་པ་གསར་པ་བསྣན་གནང་ཞིང་ད་ཐེངས་ནི་ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་བཏང་བ་དང་། མཛའ་གྲོགས་ཟབ་ཏུ་བཏང་བ། མཉམ་ལས་རྒྱ་སྐྱེད་བཏང་བ། མཉམ་རྒྱལ་ལ་སྐུལ་འདེད་བཏང་བ་བཅས་ཀྱི་འཚམས་འདྲི་ཞིག་ཡིན་པ་རེད།

ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་གནང་ཐེངས་དང་པོ་ཡིན་པ་དང་། ཀྲུང་གོ་དང་ཨུ་རུ་སུས་ཕ་རོལ་ཕྱོགས་ནས་བྱེད་སྒོ་ཆེན་པོ་སྤེལ་སྐབས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་གྱི་རྒྱུན་བསྐྱངས་གནང་བ་ཞིག་ཡིན་པས་ཙུང་ཐུང་ཕུ་ཅིང་གིས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཛའ་གྲོགས་ཟབ་མོའི་རྣམ་པའི་ཁྲོད་ཁྱབ་ཁོངས་ཆེ་བ་དང་། ཁྱབ་ཁོངས་ཆུང་བ། གཅིག་གཏད་གཅིག་གི་རྣམ་པ་བཅས་ཀྱི་ཐོག་ནས་ཡུན་རིང་འབྲེལ་གཏུག་སྤེལ་རེས་གནང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་སྔར་ལས་ལྷག་པ་འགྲོ་རྒྱུར་བཀོད་སྒྲིག་གནང་ཞིང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་གཟིགས་སྟངས་གསུང་རེས་གནང་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་། འཐབ་ཇུས་རོགས་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་དང་། ཕྱོགས་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཀུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཁག་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱ་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱ་རྒྱུ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་མོས་མཐུན་གནང་ཡོད། ཐུན་མོང་ངོས་འཛིན་དེ་དག་གི་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཟབ་མོ་ནི་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་བློ་ཐག་ཆོད་པོ་དང་ཡུན་རིང་གི་གདམ་ག་ཡིན་ཞིང་། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་ཤུགས་རྐྱེན་བཟང་པོ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ་དང་། འཐབ་ཇུས་བརྟན་ལྷིང་གི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བ། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་གཏོད་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་རྣམ་གཉིས་ནས་ཆེད་མངག་དུས་ཚོད་བཙལ་གནང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྤེལ་རེས་བྱེད་སྒོར་ཞུགས་གནང་བ་དེ་ད་ཐེངས་ཀྱི་འཚམས་འདྲིའི་ཁྱད་ཆོས་ཤིག་ལ་གྱུར་ཡོད། ད་ལོ་ནི་ཀྲུང་གོའི་སི་ཁྲོན་ཝུན་ཁྲོན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་བྱིས་པ་ཨུ་རུ་སུར་ལུས་གསོ་བྱེད་པར་བསྐྱོད་དེ་ལོ་བཅུ་འཁོར་བའི་ལོ་ཡིན། ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་གནོད་འཚེ་ཕོག་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་སློབ་མ་༩༠༠ལ་ཨུ་རུ་སུའི་བྱིས་པའི་ལྟེ་གནས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་པ་དང་ལྟ་སྐྱོང་ཡག་པོ་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་གཙོ་བདག་ནས་དེ་སྔ་ཨུ་རུ་སུའི་རྒྱ་མཚོའི་བྱིས་པའི་ལྟེ་གནས་སུ་མཛའ་གྲོགས་ཟབ་མོ་བཙུགས་པའི་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གི་འཐུས་མིར་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་པ་དང་མཛའ་གྲོགས་ཕོ་ཉ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་བྱ་གཞག་གཅིག་རྒྱུད་གཅིག་འཛིན་དང་ནམ་ཡང་མི་ཉམས་པ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་མཚོའི་ལྟེ་གནས་ཀྱི་དགེ་སློབ་རྣམ་པས་ཀྲུང་གོར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་གསར་པ་མུ་མཐུད་གཏོད་པར་ཡོང་རྒྱུའི་གདན་ཞུ་གནང་ཡོད།

ད་ཐེངས་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་རྣམ་གཉིས་ནས་དུས་མཚམས་རྗེས་མའི་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ཀྱི་ཁ་ཕྱོགས་འཆར་འགོད་གནང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གཉིས་འབྲེལ་མཐུད་མུ་མཐུད་གཏིང་ཟབ་བྱ་རྒྱུ་དང་། གཙོ་གནད་ཐོག་ནུས་ཁུངས་དང་། ཞིང་ལས། ཚན་རྩལ་གསར་སྐྲུན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་པོར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། མཉམ་ལས་ཀྱི་འཕར་གནས་གསར་པ་ཧུར་ཐག་གཏོད་རྒྱུ་བཅས་གྲོས་གཏན་འཁེལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུ་ཅིང་དུས་སང་ཀྲུང་གོར་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་ཕེབས་རྒྱུར་གདན་ཞུ་གནང་བ་དང་། ཙུང་ཐུང་ཕུ་ཅིང་ནས་རང་སར་ཞལ་བཞེས་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་པར་རིས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་མ་ཟད། ཕྱོགས་གཉིས་མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་འགོད་པར་བདེན་དཔང་གནང་བ་དེའི་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་བར་ཁམས་རྒྱ་ཆེན་པོ་ཡོད་པ་མངོན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་འགོ་ཁྲིད་ཀྱི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ལྷན་དུ་ཞུགས་གནང་བ་མ་ཟད། རྒྱང་ཤར་གྱི་ཉམས་འགྱུར་ཁྲོམ་གཞུང་དུ་གཟིགས་སྐོར་དང་རྟོག་ཞིབ་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོ་དང་དུས་སང་ལོ་གཉིས་རིང་གི་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་སྤེལ་རེས་ལོའི་གོ་སྐབས་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་དགོས་པའི་ནན་བཏོན་གནང་ཡོད་པ་རེད།

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནི་ཨེ་ཤ་ཡའི་བྱང་ཤར་རྒྱལ་ཁབ་ཁག་གི་བློ་རིག་གཅིག་སྡུད་དང་མཉམ་ལས་ལ་མཉམ་གྲོས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ཤིས་ཚིག་གསུང་སྐབས་འདོད་ཚུལ་ཁག་བཞི་བཏོན་གནང་ཡོད་པ་སྟེ། ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་བཏང་ནས་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཁག་གི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་པ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་ནས་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་གཏོང་བ། ཕུགས་ལ་གཞིགས་ཏེ་ཕྱོགས་བསྡུས་མཐུན་སྦྱོར་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས། འདོད་ཚུལ་གལ་ཆེན་དེ་དག་གིས་ཨེ་ཤ་ཡ་བྱང་ཤར་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་ཁ་གསལ་ལ་ལག་བསྟར་ཐུབ་པའི་ཇུས་གཞི་བཏོན་ཡོད་པས་ཚོགས་ཞུགས་ཕྱོགས་ཁག་གིས་རྒྱབ་སྐྱོར་དང་བརྡ་ལན་ཞུས་ཡོད་པ་རེད།

གླེང་སྟེགས་ལ་ཞུགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཛའ་གྲོགས་སྤེལ་རེས་གནང་ནས། ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། གླེང་སྟེགས་ལ་ཞུགས་མཁན་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུ་ལེ་གེ་དང་མཇལ་འཛོམས་གནང་སྐབས། ཕྱོགས་གཉིས་པོས་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་ཡག་པོ་བྱེད་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ཆབ་སྲིད་རྨང་གཞི་སྲུང་སྐྱོབ་ཡག་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་དང་གོང་འཕེལ་ལམ་བུ་འབྲེལ་མཐུད་ཡག་པོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་མོས་མཐུན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྗར་པན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཕྱོགས་གཉིས་མཇལ་མོལ་གནང་སྐབས། ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་ཡང་དག་པའི་འཁོར་ལམ་ཐོག་སྐྱོད་བཞིན་ཡོད་པས། ཕྱོགས་གཉིས་པོས་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ་དང་། ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་པ། ཕན་ཚུན་བསམ་ཤེས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཁེ་ཕན་རྒྱ་ཆེར་གཏོང་བ། དགེ་མཚན་ལྡན་པའི་ངང་འགལ་ཟླ་དོ་དམ་ཚོད་འཛིན་བྱེད་པ། མཉམ་འགུལ་བཟང་པོ་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད། དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས། ལྗར་པན་གྱིས་ཀྲུང་གོ་དང་འབྲེལ་བ་ལེགས་བཅོས་བྱེད་པ་དང་གོང་འཕེལ་གཏོང་བའི་བསམ་འདུན་ནི་ལྷག་བསམ་རྣམ་དག་ཡིན་པ་དང་། དེའི་ཐད་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སེམས་ཐག་བཅད་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་ནི་དངོས་སྒྲུབ་དང་གནད་ལ་འཕིགས་པ། ལས་ཆོད་མཐོ་བ་བཅས་ཀྱི་འཚམས་འདྲི་ཞིག་ཡིན་ཞིང་། རྒྱལ་ཁབ་ཆེན་མོའི་འབྲེལ་བའི་མཉམ་འགུལ་བཟང་པོར་ཕན་ཐོགས་ཡོད་པ་མ་ཟད། ཉེ་འཁོར་གྱི་ཕྱི་འབྲེལ་ལེགས་བཅོས་བྱ་རྒྱུར་ཕན་ཐོགས་ཡོད་པས། རང་རྒྱལ་གྱིས་ཉེ་འཁོར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པའི་ལག་ལེན་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཆེན་མོའི་གཙོ་འཛིན་གྱི་བློ་རྒྱ་ཆེ་བའི་རྒྱལ་སྤྱིའི་གཟིགས་རྒྱང་དང་གདེང་ཚོད་ཀྱི་རྣམ་པ་མངོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།