ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིང་སན་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལ་དེ་ཝོ་སི་ཐོ་ཁེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིང་སན་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས་དང་ཐོག་མི་རིང་བའི་གོང་འཇར་པན་གྱི་ཀོན་ཞི་ས་ཁུལ་དང་པའེ་ཧའེ་ཏའོ་མངའ་སྡེར་ཁག་སོ་སོར་རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་གྱི་གནོད་འཚེ་ཕོག་སྟེ་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པར་ཐུགས་གསོའི་འཚམས་འདྲི་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་སོང་ཡོད། ཀྲུང་འཇར་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོ་དང་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པའི་ངོས་ནས་འགན་འཁྲི་མཉམ་དུ་འཁུར་ཏེ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་གོང་འཕེལ་དར་རྒྱས་ཀྱི་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ངེས་ཡིན། ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡིན། ཉེ་བའི་དུས་མཚམས་ཤིག་རིང་། དབུ་བཞུགས་བློན་ཆེན་ཨན་པའེ་དང་འཇར་པན་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བའི་ཐད་ཧུར་སེམས་ཆེན་པོ་ཐེངས་མང་མངོན་པ་བྱས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡང་དག་པའི་འཁོར་ལམ་ཐོག་བསྐྱོད་བཞིན་ཡོད་པས་ལེགས་བཅོས་གོང་འཕེལ་གྱི་གོ་སྐབས་གལ་ཆེན་ཐོབ་ཡོད། དུས་བབ་གསར་པའི་འོག་ང་ཚོས་མུ་མཐུད་ཁ་ཕྱོགས་གཅིག་པའི་ཐོག་བསྐྱོད་པ་དང་། ལེགས་བཅོས་དང་ཡག་པའི་ཕྱོགས་སུ་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བརྟན་པོའི་ཁྲོད་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གོང་འཕེལ་སྔར་ལས་ལྷག་པ་འགྲོ་བ་བྱེད་དགོས་ཞེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞིར་བརྩི་སྲུང་ཞུ་གི་ཡོད་པ་དང་། ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ། དགེ་མཚན་ལྡན་པའི་ངང་ཕྱོགས་འགལ་དོ་དམ་ཚོད་འཛིན་བྱེད་དགོས་པ་དང་ལྷག་པར་དུ་འཇར་པན་ཕྱོགས་ནས་ལོ་རྒྱུས་དང་ཐེ་ཝན་སོགས་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་ཡག་པོ་འོས་འཚམ་བྱེད་པ་དང་། རྣམ་པ་བཟང་པོ་ཧུར་ཐག་གཏོད་དེ་ཐུན་མོང་ངོས་འཛིན་རྒྱ་སྐྱེད་ཟམ་མི་ཆད་པ་གཏོང་དགོས། ང་ཚོས་འཇར་པན་ཕྱོགས་ནས་མུ་མཐུད་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་ཐེ་ཞུགས་ཧུར་ཐག་བྱས་ཏེ་ཐུན་མོང་གོང་འཕེལ་དར་རྒྱས་མངོན་འགྱུར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཀྲུང་གོ་དང་འཇར་པན་གྱིས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྟེགས་བུ་གསར་པ་དང་ཚོད་ལྟ་བྱེད་ས་མཁོ་འདོན་བྱས་ཡོད། ཀྲུང་གོས་ལྗར་པན་དང་མཉམ་དུ། གནས་བབ་གསར་པར་གཞིགས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཆེད་ལམ་བུ་གསར་པ་གཏོད་པ་དང་། ཁྱད་ཆོས་གསར་པ་གཏོད་འདོད་ཡོད། ཀྲུང་གོ་དང་ལྗར་པན་ཕྱོགས་གཉིས་པོས་ཐུན་མོང་ཐོག་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཨེ་ཤེ་ཡ་ཞིག་སྐྲུན་དགོས། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། རང་མོས་ཉོ་ཚོང་སྒྲིག་གཞི་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་རྩ་དོན་ལ་སྲུང་སྐྱོབ་བྱས་ཏེ། སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་དམངས་ཁྲོད་ཀྱི་མཛའ་གྲོགས་སྲོལ་རྒྱུར་དར་སྤེལ་གཏོང་བ་དང་། དེར་དུས་རབས་ཀྱི་ནང་དོན་གསར་པ་སྣོན་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཚོགས་དང་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཨན་པེ་ཅིན་སན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ལྗར་པན་ལ་རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་གྱི་གནོད་འཚེ་ཕོག་པར་འཚམས་འདྲི་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཨན་པེ་ཡིས། ལྗར་པན་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་ཞུགས་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་གྱིས་ཀྱང་ལྗར་པན་ལ་དགེ་མཚན་ལྡན་པ་དང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། མིག་སྔར་ལྗར་པན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་གྱི་འཁོར་ལམ་ཐོག་ཕྱིར་ལོག་བྱས་ཡོད་པས། ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་ཕྱིན་ཡོད། ལྗར་པན་གྱིས་ཀྲུང་གོ་དང་འབྲེལ་བ་དེ་བས་ཟབ་པ་བཙུགས་ནས། ཐུན་མོང་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ལྗར་པན་གྱིས་འབད་བརྩོན་ཧུར་ཐག་བྱས་ནས། ཀྲུང་གོ་དང་མཐོ་རིམ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་བརྩོན་ལེན་བྱས་ཏེ། ལྗར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་དང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་འདོད་ཡོད། དེའི་ཐད། ལྗར་པན་གྱིས་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་གྲོགས་གཏིང་ཟབ་ཏུ་བཏང་ནས། ཚོར་སྣང་རྐྱེན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་འདོད་ཡོད། ལོ་རྒྱུས་དང་ཐེ་ཝན་གྱི་གནད་དོན་ཐད། ལྗར་པན་གྱིས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཡིག་ཆའི་ཁྲོད་གཏན་འཁེལ་བྱས་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། དེའི་ཐད་འགྱུར་བ་གང་ཡང་བྱུང་མེད། ལྗར་པན་གྱིས་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་ཐད་ཀྲུང་གོ་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།