ཞི་ཅིན་ཕིང་དང་ཕུ་ཅིང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་འགོ་ཁྲིད་མི་སྣའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་འགོ་ཁྲིད་མི་སྣའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་པོའི་འཐུས་མིས་ཐེངས་འདིའི་སྐད་ཆ་ཤོད་རེས་གྲོས་ཚོགས་ཀྱི་གནས་ཚུལ་དང་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་གནས་ཚུལ་སྙན་ཞུ་གནང་བར་གསན་རྗེས་ཁག་སོ་སོར་ཤིས་ཚིག་གསུངས་ཡོད་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པ་གལ་ཆེ་ཤོས་ཡིན་ཞིང་། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ཕན་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ཚེ། ཕྱི་ཕྱོགས་ཀྱི་ཉེན་ཁ་སེལ་རྒྱུ་དང་འགྲན་རྩོད་ལ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད་པ་དང་། ཐུན་མོང་གོང་འཕེལ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཐེབས་ཐུབ། ས་གནས་མཉམ་ལས་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས་སླད་ཕྱིན་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཐད་གྲོས་འགོ་ཁག་བཞི་བཏོན་གནང་ཡོད་དེ། གཅིག་ནི་ས་གནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་བ། ས་གནས་དེ་བས་མང་བའི་བར་འབྲེལ་བ་འཛུགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཕན་ཚུན་མ་འཇོག་བྱ་རྒྱུར་དེ་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་དེ་བས་སྟབས་བདེ་བའི་མཉམ་ལས་ཆ་རྐྱེན་བསྐྲུན་དགོས་པ། གཉིས་ནི་མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་བྱེད་པ་དང་། མཉམ་ལས་ཀྱི་ས་ཁོངས་རྒྱ་སྐྱེད་གཏོང་བ། མཉམ་ལས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པ་བཅས་བྱས་ནས། ད་ལྟའི་སྒྲིག་གཞི་གོང་འཕེལ་ཡག་པོ་གཏོང་བ་དང་། ས་ཁོངས་མཉམ་ལས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ་གཏིང་ཟབ་བྱེད་དགོས་པ། གསུམ་ནི་ཕན་ཚུན་གསབ་རེས་ཐུབ་པའི་བཟང་ཆ་འཚོལ་བ་དང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ནས། མཉམ་ལས་ཀྱི་གནད་འཕིགས་འབྲེལ་མཐུད་ཐུབ་པ་དང་། ཕུལ་བྱུང་གི་ཐོན་ཁུངས་ལེགས་སྒྲིག་བྱེད་པ། མཉམ་ལས་ཀྱི་ནང་སྐྱེས་འགུལ་ཤུགས་སྐུལ་སློང་བྱེད་པ། བཟང་ཆ་དེ་གྲུབ་འབྲས་ལ་གྱུར་བ་དང་། མཉམ་ལས་ཀྱི་ཁྱད་ཆོས་གཏོད་དགོས་པ། བཞི་ནི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་གཙོ་གྲས་དམངས་འདོད་དང་སྤྱི་ཚོགས་རྨང་གཞིར་ཤུགས་སྣོན་རྒྱབ་ནས། རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར། སློབ་གསོ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་སྒྲིག་གཞི་ཅན་དང་རྒྱུན་ལྡན་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་ལ་ལྟ་སྟངས་ཡག་པ་དང་ཁས་ལེན་གྱི་བསམ་པ་ཆེ་རུ་དགོས་པ་བཅས་ཡིན་པ་རེད།

ཞི་ཅིན་ཕིང་གིས། འདི་ལོའི་ལོ་འགོར། ངོས་ནས་ཙུང་ཐུང་ཕུ་ཅིང་དང་ལྷན་དུ་སྤྱི་ལོ་༢༠༡༨ལོ་ནས་༢༠༡༩ལོ་བར་ཀྲུང་ཨུའི་ས་གནས་མཉམ་ལས་སྤེལ་རེས་ལོ་གཉེར་རྒྱུའི་ཐག་བཅད་པ་དང་། ས་གནས་མཉམ་ལས་དེ་འདི་ལོ་དང་སང་ལོ་ལོ་གཉིས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ལས་ཀ་གཙོ་བོར་གཏན་འཁེལ་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ནི་སྐབས་དང་ཏག་ཏག་འཁེལ་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་ནས་ས་གནས་ཁག་གིས་མཉམ་ལས་ཀྱི་སྟེགས་བུ་ཆེན་པོ་ཞིག་གཏོད་ནས་མཉམ་དུ་མཉམ་ལས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ཞིང་ཆེན་དང་ཁུལ་ཁག་གི་འཐུས་མིས་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་སྤེལ་རེས་ལོའི་ཤར་རླུང་ལ་བརྟེན་ནས། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་དེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་ཆེད་རང་ནུས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཕུ་ཅིང་གིས། ས་གནས་མཉམ་ལས་ནི་ཨུ་རུ་སུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་ས་གནས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་དམ་ཟབ་བྱས་པར་ཧ་ཅང་དགའ་པོ་བྱུང་། ཨུ་རུ་སུ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ནས་ཨུ་རུ་སུར་མ་འཇོག་ལས་སྐྲུན་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། མུ་མཐུད་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། དུས་བབ་གསར་པའི་འོག ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་ས་གནས་མཉམ་ལས་སྤེལ་རེས་ལོ་གོ་སྐབས་སུ་འཛིན་ཏེ། མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཐེངས་འདིའི་སྐད་ཆ་ཤོད་རེས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་དུས་རབས་གསར་པའི་འོག་གི་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཞེས་པ་དེ་ཡིན། ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་དང་། ལེའོ་ཉིང་ཞིང་ཆེན། ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀོང་ཏུང་ཞིང་ཆེན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་འགན་འཁུར་བ་དང་། ཨུ་རུ་སུའི་པིན་ཧའེ་མཐའ་མཚམས་ཁུལ་དང་། ཧ་པ་ལོ་ཧྥུ་སི་ཁེ་མཐའ་མཚམས་ཁུལ། ཨ་མུར་མངའ་སྡེ། ཡའུ་ཐེ་རང་སྐྱོང་མངའ་སྡེ། ཧའུ་པེ་ཅ་ཝར་མཐའ་མཚམས་ཁུལ། ཏ་ཏ་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཞ་ནོ་ཧྥུ་ཀེ་ལོ་ཏེ་མངའ་སྡེ། དབྱིར་ཁུ་ཚེ་ཁེ་མངའ་སྡེ། མོ་སོ་ཁོ་མངའ་སྡེ། སི་ཝེར་ཏེ་ལོ་ཧྥུ་སི་ཁེ་མངའ་སྡེ། ཡ་ལོ་སི་ལ་ཧྥུར་མངའ་སྡེ། ཐུ་ལ་མངའ་སྡེ། ཁྲེ་ཁྲེན་སྤྱི་མཐུན་རྒྱལ་ཁབ་སོགས་མནའ་འབྲེལ་གཙོ་གཟུགས་བཅུ་གསུམ་གྱི་འགན་འཁུར་མི་སྣ་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

སྐད་ཆ་ཤོད་རེས་གྲོས་ཚོགས་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་རླངས་འཁོར་ནང་ཞུགས་ནས་རྒྱང་ཤར་ཉམས་མཚར་སྲང་ལམ་དུ་ཕེབས་ཡོད། ཞི་ཅིན་ཕིང་དང་ཕུ་ཅིང་དེ་གར་འབྱོར་སྐབས། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭའི་དྲག་རྩལ་འཁྲབ་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་དགའ་བསུ་ཞུས་ཡོད། ཞི་ཅིན་ཕིང་དང་ཕུ་ཅིང་གིས་དེ་རྗེས་ཨ་མུར་མངའ་སྡེའི་དཔལ་འབྱོར་གོང་འཕེལ་དང་ཀྲུང་གོའི་བར་གྱི་མཉམ་ལས་པར་རིས་འགྲེམ་སྟོན་དང་ཧེ་ལུང་ཅང་ཞིང་ཆེན་དང་ཨ་མུར་མངའ་སྡེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲེམ་སྟོན་ལ་གཟིགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་དང་ཨ་མུར་མངའ་སྡེའི་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཛའ་གྲོགས་སྤེལ་རེས་གནས་ཚུལ་ཐད་ཀྱི་ངོ་སྤྲོད་གསན་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་དེ་རྗེས་ཉ་ཁྲོམ་དང་ཨུ་རུ་སུའི་གཞོན་ནུའི་མཐོ་གསར་ལག་རྩལ་འགྲེམ་སྟོན་ལ་གཟིགས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་དགྱེས་ཚོར་ཆེན་པོའི་ངང་ས་གནས་དེ་གའི་ཁྱད་ལྡན་ཟས་རིགས་བཟོ་སྟངས་སྦྱོང་བ་དང་ད་དུང་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།