ཧན་ཀྲེང་གིས་སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཀོང་ཞི་ནན་ཉིང་རུ་ཁག་སོ་སོར་སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ལ་ཞུགས་མཁན་ཁམ་ཕུ་ཁྲེའི་དབུ་ཞུགས་བློན་ཆེན་ཧོང་སེན་དང་འབར་མའི་ཙུང་ཐུང་གཞོན་པ་མིན་རུད་དང་མཇལ་འཛོམས་གནང་ཡོད་པ་རེད།

ཧན་ཀྲེང་གིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་འགྲེམ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་གནང་བ་དང་། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བ་གོ་སྐབས་སུ་བརྩིས་ནས། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། དངོས་གྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ཏེ། ཐུན་མོང་ཐོག་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་ཐུན་མོང་མ་ལག་འཛུགས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་ཡོད་པ་དང་།

ཧོང་སེན་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་ཁམ་ཕུ་ཁྲེ་དེ་ཉིད་ད་ལོ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ལ་འགྱུར་བར་བཀྲིས་བདེ་ལེགས་ཞུས་གནང་བ་དང་། དབུ་ཞུགས་བློན་ཆེན་ཧོང་སེན་ནས་ཚོགས་པའི་སྣེ་ཁྲིད་ནས་འགྲེམ་ཚོགས་ལ་ཐེངས་༡༡ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཧན་ཀྲེང་གིས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་མཛའ་གྲོགས་ཡུན་རིང་ལྡན་པ་དང་། ཉིན་རེ་བཞིན་སྐྱེ་སྟོབས་ཆེན་པོ་འཕེལ་བཞིན་ཡོད། ཉེ་བའི་ལོ་ཤས་ནང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ནས་མཇལ་མོལ་ཐེངས་མང་གནང་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད་ཅིང་། ཕྱོགས་གཉིས་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་རྒྱུར་ཁྲིད་སྟོན་གནང་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་60འཁོར་བ་གོ་སྐབས་སུ་བརྩིས་ནས། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ། ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་གྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། མཛའ་གྲོགས་དང་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ལག་གདང་གའབྲེལ་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་གཏོད་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་དགོས་ཞེས་བསྟན་ཡོད་པ་རེད།

མིན་རུད་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས། ཀྲུང་གོ་དང་འབར་མ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མའི་འགོ་ཁྲིད་དང་མཇལ་མོལ་ཐེངས་མང་གནང་བ་མ་ཟད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད་པས། དུས་རབས་གསར་པར་ཀྲུང་གོ་དང་འབར་མའི་འབྲེལ་བའི་གོང་འཕེལ་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་པོས་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་གྱི་འགྲོ་འོང་དང་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། གལ་ཆེ་བ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་མགྱོགས་སུ་གཏོང་བཅས་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོ་དང་འབར་མའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འབར་མས་ཞི་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། མུ་མཐུད་ནས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཉིན་དེ་གར། ཧན་ཀྲེང་གིས་སྐབས་འདིའི་དངོས་མང་འགྲེམ་ཚོགས་ཀྱི་དམིགས་གསལ་གདན་ཞུས་མཉམ་ལས་རོགས་པ་ཐན་ཙན་ནི་ཡ་སང་གེ་པར་གྱི་ཙུང་ཐུང་གཞོན་པ་དབྱི་ཏི་དང་མཇལ་འཛོམས་གནང་ཡོད། ཧན་ཀྲེང་གིས། ཐན་ཙན་ནི་ཡས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས། ཀྲུང་གོ་དང་ཐན་ཙན་ནི་ཡའི་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ཆེད་འགུལ་ཤུགས་གསར་པ་སྣོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

ཕྱོགས་གཉིས་པོས་ད་དུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་བདེ་བླགས་ངང་སྐོང་ཚོགས་བྱས་པ་དེ་གོ་སྐབས་སུ་བརྩིས་ནས་དེ་བས་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་གཏོད་པ་སོགས་ཀྱི་ཐད་གཟིགས་སྟངས་བརྗེ་རེས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།