ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་དང་གྲོས་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༡ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལ་ཏེ་ཝོ་སི་ཐོ་ཁེར་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་དང་གྲོས་མོལ་གནང་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ལོ་འདི་ཤར་ཚུན་ཀྲུང་ཨུའི་འབྲེལ་བར་སྔར་བས་དགེ་མཚན་ལྡན་པའི་འཕེལ་རྒྱས་འགྲོ་ཕྱོགས་མངོན་པ་དང་། ཆུ་ཚད་སྔར་བས་མཐོ་བ་དང་། འཕེལ་རྒྱས་སྔར་ལས་མགྱོགས་པའི་དུས་སྐབས་གསར་པར་སླེབས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་དང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་ཞིག་བྱུང་རུང་། ཀྲུང་གོ་དང་ཨུ་རུ་སུས་སེམས་ཐག་གཙང་བཅད་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡག་པོ་གཏོང་རྒྱུ་དང་། སེམས་ཐག་གཙང་བཅད་ཀྱིས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ལོ་འདི་ཤར་ཚུན། ངོས་དང་ཙུང་ཐུང་སྐུ་ཞབས་ནས་ཁག་སོ་སོར་པེ་ཅིན་དང་ཡུའེ་ཧན་ནེ་སོ་པའོ་རུ་ནུས་འབྲས་ཆེན་པོ་ལྡན་པའི་གྲོས་མོལ་ཞུས་པ་ཡིན། ཀྲུང་ཨུའི་བར་དམ་ཟབ་ཀྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱུང་བ་དེས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསམ་རང་བཞིན་མངོན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་རང་སོ་སོའི་ཕྱི་འབྲེལ་གྲོས་རིམ་ནང་གི་སྔོན་ལ་འཇོག་པའི་གནས་བབ་ཐོག་བཞག་པའང་མངོན་ཡོད། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་པའི་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་བཟང་ཆ་ཟམ་མི་ཆད་པར་མིག་མཐོང་ལག་ཟིན་གྱི་མཉམ་ལས་གྲུབ་འབྲས་ལ་འགྱུར་བཞིན་ཡོད། ཕྱོགས་གཉིས་པོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གོང་འཕེལ་འགྲོ་ལམ་གདམ་ག་བྱེད་པར་ཕན་ཚུན་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་དང་། ཕར་རིའི་ཕྱོགས་ནས་རང་ངོས་བདེ་འཇགས་དང་གོང་འཕེལ་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཕན་ཚུན་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཆེན་པོ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་མིག་དཔེ་བཙུགས་ཡོད་ཅེས་བསྟན་གནང་བ་དང་།

ཞི་ཅིན་ཕིང་གིས། ཀྲུང་ཨུ་ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་བར་གྱི་འབྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ནུས་པའི་འབྱུང་ཁུངས་དང་། ཞིང་ལས། ཚན་རྩལ་གསར་གཏོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། གཙོ་གནད་རྣམ་གྲངས་བརྟན་པོའི་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད། མདུན་ཕྱོགས་ཚན་རིག་ལག་རྩལ་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ད་ལམ་ལོ་གཅིག་གཉིས་ནང་གི་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་སྤེལ་རེས་ལོའི་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་པོའི་ས་གནས་སྔར་བས་མང་བའི་ཧུར་སེམས་སྐུལ་སློང་བྱེད་པ་དང་། སྔར་བས་རྒྱ་ཁྱབ་ཀྱི་མཉམ་ལས་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཕུ་ཅིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཕེབས་ཞུགས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་ཡིན། ངོས་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་འགྲོ་འོང་དམ་ཟབ་ཡོད་པའི་ཐོག་ནས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡོད་པ་མངོན་ཡོད། ཉེ་བའི་ལོ་ཤས་ནང་། ཨུ་ཀྲུང་འབྲེལ་བར་འཕེལ་རྒྱས་འགྲོ་ཤུགས་ཆེན་པོ་མངོན་པ་དང་། ཕྱོགས་གཉིས་ཕན་ཚུན་ཡིད་ཆེས་ཉིན་བཞིན་ཆེ་རུ་འགྲོ་བ། ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་རྒྱུད་གཅིག་ལམ་གཅིག་འབྲེལ་མཐུད་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས། མ་འཇོག་དང་། ནུས་པའི་འབྱུང་ཁུངས། མཁའ་སྐྱོད། དངུལ་རྩ། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་དམ་ཟབ། ས་གནས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཨུ་ཀྲུང་གཉིས་པོར་མིག་སྔའི་རྒྱལ་སྤྱིའི་དུས་བབ་ཐད་གཅིག་མཚུངས་ཀྱི་ལྟ་བ་མང་པོ་ཡོད་པས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་བྱ་དོན་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། ཕྱོགས་རྐྱང་པའི་རིང་ལུགས་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་པ་དང་། གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས། ཐུང་མོང་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་གསུངས་འདུག

ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་གནང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཟིགས་སྟངས་བརྗེ་རེས་གཏིང་ཟབ་གནང་ཡོད་པ་རེད། གྲོས་མོལ་གནང་གྲུབ་རྗེས་ལྷན་དུ་གསར་འགོད་པར་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ཀྲུང་ཨུ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་པའི་ངོས་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དང་། གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྗིད་པོ་འཁུར་ཡོད་ཅེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུས་རྒྱལ་སྤྱིའི་བྱ་དོན་ནང་རོགས་ལས་བཟང་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་བསམ་ཚུལ་བརྗེ་རེས་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་དོ་གནད་ཆེ་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱེད་པ། ཐུན་མོང་ཐོག་ཕྱོགས་རྐྱང་པའི་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ལྷན་དུ་ཕྱོགས་མང་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་དགའ།