ཞི་ཅིན་ཕིང་ཨུ་རུ་སུའི་ཧྥུའུ་ལ་ཏི་ཨུའོ་སི་ཐུའོ་ཁེར་ཕེབས་འབྱོར་ཟིན་ནས་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུའི་ཧྥུའུ་ལ་ཏི་ཨུའོ་སི་ཐུའོ་ཁེར་ཕེབས་འབྱོར་ཟིན་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་གདན་ཞུས་ལྟར་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ་རེད།

ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་༢དང་སྐར་མ་༣༠ཐོག ཞི་ཅིན་ཕིང་ཞུགས་པའི་ཆེད་གཏོང་གནམ་གྲུ་ཧྥུའུ་ལ་ཏི་ཨུའོ་སི་ཐུའོ་ཁེའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད། ཞི་ཅིན་ཕིང་གནམ་གྲུའི་སྒོ་ནས་ཕེབས་ཐོན་གནང་བ་དང་། ཨུ་རུ་སུའི་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུའི་སྐས་འཛེགས་ཀྱི་འགྲམ་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཡོད་པ་རེད།

ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཞུགས་ནས་ཕེབས་འབྱོར་ཟིན་ཡོད་པ་རེད།

ཨུ་རུ་སུར་བཅར་སྡོད་ཀྲུང་གོའི་གཞུང་ཚབས་ཆེན་མོ་བ་ལི་ཧུའེ་ཡང་གནམ་གྲུ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད་པ་རེད།

སྐབས་འདིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་དེ་ནི་སྤྱི་ཟླ་༩པའི་ཚེས་༡༡ཉིན་ནས་༡༣ཉིན་བར་སྐོང་ཚོགས་བྱ་རྒྱུ་ཡིན་པ་དང་། དེའི་བརྗོད་བྱ་གཙོ་བོ་ནི་རྒྱང་ཤར་ལ་གོ་སྐབས་དེ་བས་མང་བ་ལྡན་ཞེས་པ་དེ་ཡིན་པ་རེད། གླེང་སྟེགས་རིང་ཞི་ཅིན་ཕིང་གིས་ཕུ་ཅིང་དང་གྲོས་མོལ་གནང་རྒྱུ་མ་ཟད། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས། ས་གནས་འགྲོ་འོང་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།

ཞི་ཅིན་ཕིང་གིས་ད་དུང་གླེང་སྟེགས་ལ་ཞུགས་མཁན་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཇལ་མོལ་གནང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།